Wednesday, June 3, 2015

ཆོས་ཚོགས་གསར་པར་རབ་གནས་བྱས་པའི་ཉིན་མོ།

ཆོས་ཚོགས་རབ་གནས་བྱེད་བཞིན་པ།
ཁ་སང་གི་ཉིན་མོ་འདི་ནི་གཟའ་ཉི་མར་གཟའ་སྐར་སོགས་འཕྲོད་སྦྱོར་དགེ་བའི་ཉིན་འཇམ་དབྱངས་ཆོས་འཁོར་གླིང་ཆོས་ཚོགས་གསར་པར་རབ་གནས་བྱས། ཞོགས་པར་དགེ་ཕྲུག་འགའ་དང་ལྷན་ཆོས་ཚོགས་ཕྱི་ལོགས་སུ་དར་ཆེན་སྒྲེང་འཛུགས་དང་རླུང་རྟ་འདོགས་པ་སོགས་བྱས་ནས་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྐབས་སུ་མི་མང་ལ་འཚམས་འདྲིའི་ཕེབས་བསུ་དང་སྦྲག་ས་གཞི་དང་ཁང་པ་གནས་ཀྱི་བདག་པོ་ལྷ་སྲིན་སྡེ་བརྒྱད་སོགས་ལ་འཕྲིན་བཅོལ་དང་སྡེ་བརྒྱད་གསེར་སྐྱེམས་གཏངས། དེ་ནས་འགོ་བའི་ལྷ་ལྔར་གཙོས་ཁང་པ་ཕྱི་ནང་ཡོངས་ལ་ཁྲུས་གསོལ་དང་རབ་གནས་བརྟེན་བཞུགས་སོགས་གང་ལེགས་བྱས། ངོས་ཀྱི་དགེ་ཕྲུག་གསར་རྙིང་གཉིས་གཙོས་མི་གྲངས་བརྒྱད་བཅུ་ཙམ་ཞིག་ཡོད་སྐད་འདུག དེ་རིང་ནི་ནམ་མཁར་ཉི་འོད་ཀྱི་དྲོ་སྐྱིད་སྟེར་ཞིང་ས་གཞིར་བཀྲ་ཤིས་ཀྱི་མེ་ཏོག་བཞད་ནས་མི་རྣམས་ངོས་ཀྱི་ཆོས་ཚོགས་ལ་ལྟད་མོར་འཚང་ཁ་ཤིག་ཤིག་རེད་འདུག ངོས་ཀྱི་རིང་ནས་འདྲིས་པའི་གྲོགས་པོ་མེའུ་ཀོ་ནས་མཛུབ་གནོན་སྒྲ་བརྙན་དང་མཉམ་དུ་ངས་ཀྱང་ཨ་མི་དྷེ་ཝའི་བསྙེན་དབྱངས་བྱས་པས་མི་རྣམས་དགའ་སྤྲོའི་ཐལ་སྒྲ་རྒྱུན་ཆད་མི་འདུག ཉི་རའི་ནང་དུ་ཟ་འཐུང་ལ་ལོངས་སྤྱོད་བཞིན་ཕན་ཚུན་ངོ་ཤེས་དང་གྲོགས་པོ་གྲོགས་མོ་སོགས་མཉམ་དུ་ཁ་བརྡ་བྱེད་བཞིན་དེ་རིང་གི་སྐྱིད་པའི་ཉི་མ་དགེ་གྲོགས་རྣམས་དང་ལྷན་ཡོངས་སུ་གཏངས། ཆུ་ཚོད་བཞི་པའི་སྐབས་སུ་ཆོས་ཚོགས་ཀྱི་ཚོགས་གཙོ་ཧེའི་ཌེའི་ནས་ཐུགས་རྗེ་ཆེ་ཞེས་པའི་སྐད་ཆ་དང་སྦྲག་ཕེབས་རྫོངས་བྱས། 

དེ་རིང་བཀྲ་ཤིས་གནམ་ལ་གཟའ་སྐར་བཟང་།། 
དེ་རིང་བཀྲ་ཤིས་ས་ལ་དུས་སྟོན་བཟང་།། 
དེ་རིང་བཀྲ་ཤིས་དུས་ཆེན་སུམ་འཛོམས་ཉིན།། 
དེ་རིང་བཀྲ་ཤིས་ཆོས་ཚོགས་རབ་གནས་བྱས།། 

ལྷ་རྣམས་མཁའ་ནས་མེ་ཏོག་ཆར་ཆེན་འབེབས།། 
ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་། 
བར་དུ་སྐྱེ་དགུ་ཐམས་ཅད་བདེ་དང་ལྡན།། 
མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག།  

Tuesday, May 26, 2015

གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ།།

Add caption
ཁ་སང་གི་ཉིན་མོ་འདི་ནི་གཟའ་ཟླ་བའི་འཆར་ཅན་ལྟར་དུ་ཡོད་པའི་བདེ་ཆེན་ཞིང་སྒྲུབ་དེ་ཡིན། ད་རེས་ཀྱི་བདེ་ཆེན་ཞིང་སྒྲུབ་ནི་ངོས་ཀྱི་ཆོས་ཚོགས་གསར་པ་འཇམ་དབྱངས་ཆོས་འཁོར་གླིང་ལ་ཐེངས་མ་དང་པོ་ཡིན་པས་མི་གྲངས་ཉི་ཤུ་རྩ་གྲངས་ཞིག་སླེབས་འདུག་པས་ངས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་འབྱུང་བཞིའི་བྱིན་རླབས་བྱེད་སྟངས་དང་། ཕྱི་ཡི་འབྱུང་བཞི། ས། ཆུ། མེ། རླུང་། ནང་གི་འབྱུང་བཞི། ཤ ཁྲག དྲོད། དབུགས་བཅས་ཕྱི་ནང་གི་འབྱུང་བཞི་རྟེན་ཅིང་འབྲེལ་བར་འབྱུང་ཚུལ་དང་ནང་གི་འབྱུང་བཞི་ཁོད་མ་སྙོམས་ན་མི་རྣམས་ཀྱི་ཉོན་མོངས་དུག་ལྔ་འཁྲུགས་ཤིང་དེའི་དབང་གིས་ཕྱི་ཡི་ཁོར་ཡུག་ལ་གཏོར་སྐྱོན་ཡོང་བ་དང་དེས་རྐྱེན་པས་འཛམ་གླིང་ལ་འབྱུང་བའི་གོད་ཆགས་རྒྱུན་ཆད་མེད་པར་ཡོང་གི་ཡོད། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་བོད་ཡུལ་བདེ་བའི་སྨོན་ལམ་ལས། 
སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་།། 
ཕྱི་ནང་འབྱུང་བ་འཁྲུག་པའི་རྒྱུ་རྐྱེན་གྱིས།། 
སྔར་མ་གྲགས་པའི་མི་ཕྱུག་དལ་ཡམས་ནད།། 
གཟའ་ཀླུ་རྒྱལ་གདོན་ནག་སོགས་འབྱུང་པོའི་གཟེར།། 

ཞེས་གསུངས་པ་ལྟར་ངས་ཀྱང་དེ་རིང་དེའི་སྐོར་འགྲེལ་བཤད་གང་ཤེས་བྱས་པས་མི་མང་ཧ་ཅང་དགའ་བོ་བྱུང་སོང་། 

Thursday, May 21, 2015

ཆོས་ཚོགས་གསར་པར་སྤོས་པའི་ཉིན་མོ།།


ད་ནུབ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཁང་པ་ལོ་གཅིག་གི་གླ་ཆ་དང་། གསར་དུ་ཉོས་པའི་ཁང་པའི་སྦྱིན་བདག་ཆེན་མོ་<རྡེའུ་ར་>ལ་བླ་སློབ་ཡོངས་ནས་བཀའ་དྲིན་རྗེས་དྲན་དང་དགེ་བསྔོ་སོགས་གང་དྲག་བྱས། ད་ལྟའི་ཆོས་ཚོགས་གསར་རྙིང་གཉིས་ཀའི་སྦྱིན་བདག་མི་གཅིག་རང་ཡིན་པ་མ་ཟད་རྒྱ་གར་ལྷོ་ཕྱོགས་ཀྱི་བདེ་ཆེན་ཞིང་སྒྲུབ་འཚོགས་ཁང་གི་སྦྱིན་བདག་སོགས་ཀྱང་ཁོང་ཡིན།
དེ་རིང་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་མི་མང་ལྷན་ངོས་ཀྱི་ཆོས་ཚོགས་རྙིང་པའི་ནང་གི་ཅ་དངོས་ཡོངས་རྫོགས་ཆོས་ཚོགས་གསར་པར་གནས་སྤོ་བྱས། ང་ནི་ཆུང་ནས་ད་བར་བློ་ཕུག་ཆོས་ལ་གཏད་ནས་པདྨ་དབང་གི་ལྷ་སངས་རྒྱས་འོད་དཔག་མེད་ལ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་བཅོལ་ནས་བརྒྱུད་འདེབས་ནས་གསུངས་པ་ལྟར།
གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ།།
གདོད་མའི་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས།།

ཞེས་པའི་དོན་ལ་སྦར་འཇུ་བྱས་ནས་ངེས་ལེགས་གཏན་བདེའི་ཐར་པའི་གོ་འཕང་ལ་རེ་བ་ཆེན་པོ་བྱས་པ་ལས། ཚེ་འདིར་བཙན་ཕྱུག་དར་གསུམ་སོགས་ལ་རེ་བ་ཆེར་མ་བྱས་ཀྱང་། སྟོན་ཐོག་ལེགས་ན་འཇག་སྐྱ་ཞོར་དུ་འབྱུང་བའི་དཔེ་ལྟར། ད་རེས་སྦྱིན་བདག་སྐུ་དྲིན་ཅན་ནས་ཨ་སྒོར་འབུམ་དྲུག་ལྷག་གིས་ཁང་པ་ཞིག་ཉོས་ནས་སྤྲད་བྱུང་། དེ་ནི་མི་ཚེ་ས་མཐར་འཁྱར་བའི་སྤྲང་བན་ང་ལ་ལྟོས་ན། རྨི་ལམ་ནང་བཞིན་བསམ་ཡུལ་ལས་འདས་པའི་ལེགས་ཕྱོགས་ཀྱི་འགྱུར་བ་ཆེ་ཤོས་ཞིག་ཡིན། ཁ་སང་ཉེ་ཆར་ཨ་སྒོར་ཁྲི་གསུམ་མ་ཟིན་ཙམ་གྱིས་ཁང་པའི་ཕྱི་ནང་གི་བཟོ་བཅོས་དང་། རྙིང་རྗེ། གསར་བསྒྲིགས། ཚོན་རྩི་སོགས་ངོས་ཀྱི་དགེ་ཕྲུག་རྣམས་ཀྱིས་དགའ་བཞིན་དུ་དང་བླང་གིས་ཉིན་ལྟར་ལས་ཀ་ལ་ཧུར་བརྩོན་བྱས་པས་དུས་ཐུང་ངུའི་ནང་མི་ཚང་མ་ཡིད་སྨོན་རང་དབང་མེད་པར་ཤོར་བའི་འཇམ་དབྱངས་ཆོས་འཁོར་གླིང་གཏན་ཇག་གི་ཆོས་ཚོགས་སྤུས་ལེགས་ཤིག་ཏུ་གྱུར། ད་ནས་བཟུང་སྟེ་གཟའ་ཟླ་བའི་བདེ་ཆེན་ཞིང་སྒྲུབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཚང་མ་ཆོས་ཚོགས་གསར་པའི་ནང་དུ་བྱེད་རྒྱུའི་གཏན་ཁེལ་ཟིན། ས་གནས་འདིར་ནང་པའི་ཆོས་ཚོགས་ཉུང་བ་མ་ཟད་བོད་ཀྱི་ཆོས་ཚོགས་ནི་ང་གཅིག་པུ་ཡིན་པས་ངས་ཀྱང་ད་ནས་བཟུང་སྟེ་གཞན་ཕན་བྱང་ཆུབ་སེམས་ཀྱི་སྤྱོད་པས་རང་དོན་བློས་བཏང་ཞིང་གཞན་དོན་གཙོ་ཆེར་འཛིན་ནས་ས་གནས་འདིའི་མི་མང་དང་མ་ཟད་འགྲོ་བ་སེམས་ཅན་ཡོངས་ཀྱི་ལུས་ངག་ཡིད་གསུམ་ལ་དམ་ཆོས་ཀྱི་འོད་སྣང་འཕྲོ་ཞིང་བདེ་སྐྱིད་ཀྱི་དྲོད་ཁྱིམ་ལྡན་པའི་དམ་བཅའ་དང་སྨོན་ལམ་སོགས་ཀྱང་བྱས། 

ཆོས་ཚོགས་འདི་ཡི་ནང་དུ། ། ཆོས་མིན་ལས་ལ་མི་སྤྱོད། ། 
ཆོས་གྲོགས་ཕོ་མོ་ཡོངས་ཀྱི། ། ཆོས་སྒྲུབ་ལྟེ་གནས་ཡིན་ནོ། །

ཆོས་ཚོགས་འདི་དང་འབྲེལ་བའི། ། ཆོས་ཀྱི་དམ་ཚིག་ལྡན་པའི། །
ཆོས་མཛད་སྐྱེ་བོ་ཕོ་མོ། ། ཆོས་ཀྱི་ལམ་སྟེགས་རྙེད་ཤོག། །

ཆོས་ཚོགས་ཀུན་གསལ་དབྱིངས་སུ། ། ཆོས་ཀྱི་ཉི་མ་ཤར་ནས། །
ཆོས་མིན་རྨོངས་མུན་བསལ་ནས། ། ཆོས་ཀྱི་གོ་འཕང་འཐོབ་ཤོག། །


 

Friday, May 15, 2015

བོད་པ་ཚང་ལ་ཟླ་ཐོ་བེད་སྤྱོད་གཏོང་བའི་ལུགས་སྲོལ་ཡོད་དམ།

བོད་པའི་སྤྱི་ཚོགས་ནང་གི་ཞེན་ཆ་གཅིག་ནི་ཟླ་ཐོ་བེད་སྤྱོད་མི་གཏོང་བ་དེ་ཡིན། 
སྔ་ས་ནས་གྲ་སྒྲིག་གང་ཡང་མེད་པར་རང་སྣང་གང་ཤར་དུས་ཚོད་ངེས་ཅན་ལ་ལས་ཀ་འགོ་འཛུགས་པ་དང་མགྲོན་ལ་འགྲོ་བ་སོགས་ཡིན། དེ་ནི་ལོ་རབས་བརྒྱ་ཕྲག་འགའ་ཡི་གོང་འཛམ་གླིང་རྣ་ཐོས་མིག་མཐོང་མེད་པར་ལུང་པ་ཁུག་སྐྱོག་ཞིག་ནང་གཞན་སུ་ལའང་ལྟོས་མ་དགོས་པར་རང་དང་འདྲ་བའི་དུད་འགྲོ་ཁ་ཤས་ཞིག་མཉམ་དུ་མི་ཚེ་བསྐྱལ་བ་དེས་དྲི་ངན་དེ་འགོས་པ་ཡིན། 
ང་ནི་ཆོས་ཚོགས་ཀྱི་བདག་པོ་ཞིག་ཡིན་པའི་དབང་གིས་ཁྲིམས་ལུགས་ལྟར་ཡུལ་མི་འདི་རྣམས་ལ་སྒོ་གང་ཐད་ནས་བསྟུན་དགོས་སྟབས་སྔ་ན་མེད་པའི་ཡར་རྒྱས་བཟང་བསྐྱེད་ཐོབ་པ་དེ་ནི་ཟླ་ཐོ་བེད་སྤྱོད་གཏོང་མཁས་པ་ཞིག་བྱུང་བ་དེ་ཡིན། དེ་ནི་ལེ་ལོ་ཅན་ང་ལ་ལྟོས་ན་ཧ་ཅང་སྟབས་བདེ་བ་མ་ཟད་ངོས་ཀྱི་འབྲེལ་ཡོད་རང་གཞན་གཉིས་ཀར་ཕན་པོ་ཞིག་བྱུང་། དཔེར་ན་ལུང་པ་འདིའི་ནང་གི་མི་ཚང་དཀྱུས་མའི་ཕོ་ཧྲེང་མོ་ཧྲེང་ཁེར་རྐྱང་ཞིག་ཡིན་ཀྱང་ཕལ་ཆེར་ལོ་གཅིག་གི་གལ་ཆེའི་ལས་ཀ་ཚང་མ་ཟླ་བ་དང་ཉིན་མ་ཆུ་ཚོད་སོགས་རྟགས་རྒྱབ་ནས་ཟླ་ཐོའི་ནང་དུ་བཀོད་ཅིང་གྱང་ངོས་སུ་བཀལ་བ་མཐོང་རྒྱུ་ཡོད། མི་དཀྱུས་མ་ཞིག་ལ་ཐུག་འཕྲད་དགོས་ནའང་ཉུང་མཐར་བདུན་གཅིག་གོང་ནས་དུས་ཆད་མ་བྱས་ན་ལས་སླ་བོར་ཐུག་མི་ཐུབ། ཁྱིམ་ཚང་རེའི་ནང་དུ་ལོ་ཐོ་གྱང་ངོས་སུ་མཐོང་རྒྱུ་ཡོད་པ་ནི་ལུང་པ་འདིའི་ཁྱད་ཆོས་ཞིག་ཡིན། རང་རེ་བོད་པ་ཚང་གི་ནང་དུ་སོང་ན་གྱང་ངོས་སུ་ལོ་ཐོ་རེ་མཐོང་རྒྱུ་ཡོད་ཀྱང་དེ་ནི་ལོ་ཐོའི་ནང་གི་ཐང་སྐུ་དང་བླ་པར་སོགས་ལ་དད་ནས་གཙང་སར་བཀལ་བ་ཙམ་ལས་སོ་སོའི་ལོ་རེའི་ནང་མཛད་འཆར་ཁག་བེད་སྤྱོད་གཏོང་མཁན་ཧ་ཅང་ཉུང་ཉུང་ཡིན། 

བོད་པ་རྣམས་ཀྱིས་ད་ནས་བཟུང་སྟེ་སོ་སོའི་ལས་འཆར་ཁག་ཟླ་ཐོའི་ནང་བཀོད་ནས་དུས་ཚོད་ལ་བསྲི་ཚགས་དང་། ལས་རོགས་ལ་སུན་པོ་མ་བཟོ་རོགས་ཞེས་འབོད་སྐུལ་གྱིས་དེ་རིང་གི་ཉིན་ཐོ་དེ་མཇུག་བསྡུས་པ་ཡིན། 

སྔ་ནས་གྲ་སྒྲིག་མེད་པའི་བོད་པ་ཚང་།
དུས་ཚོད་བསྲི་ཚགས་མི་ཤེས་བོད་པ་ཚང་། 
རང་སྣང་གང་ཤར་བྱེད་མཁན་བོད་པ་ཚང་།
ཟླ་ཐོ་བེད་སྤྱོད་མེད་པའི་བོད་པ་ཚང་། 

Monday, May 11, 2015

ཨ་མའི་དུས་ཆེན་ཉིན་མོ།

ཨ་མ་ཀུན་བཟང་དབང་མོ་མཉམ་དུ་སྨན་ཁང་ནང་དུ།
འདི་ཟླའི་སྤྱི་ཚེས་བདུན་ནས་བཟུང་དེ་རིང་སྤྱི་ཚེས་བཅུའི་བར་པོར་ལེན་ཌི་དང་སེའི་ཨ་ཏྲོའུ་སོགས་མངའ་སྡེ་འགའ་རུ་འགྲུལ་བཞུད་ལ་སོང་། སྤྱི་ཚེས་བརྒྱད་ཉིན་མོ་དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་མདུན་ནས་གྲུབ་རྒྱལ་ལུགས་ཀྱི་སྨིན་བྱེད་ཀྱི་ཚེ་དབང་ཟབ་མོ་ཐོབ་པའི་ཤིན་ཏུ་བསྐལ་བཟང་གི་ཉིན་མོ་ཞིག་ཏུ་གྱུར། དགོང་མོ་དད་ལྡན་ཤེས་རབ་སྐལ་ལྡན་ནང་མི་དང་ལྷན་མགྲོན་ཁང་ནང་དུ་བསྡད། སྤྱི་ཚེས་དགུའི་ཞོགས་པ་ཆུ་ཚོད་དགུ་པའི་སྐབས་སུ་སྔ་ནས་དུས་ཆད་བྱས་པ་ལྟར་མགྲོན་གཉེར་དིལ་ཡག་སྒྲུབ་དཔོན་རིན་པོ་ཆེ་བརྒྱུད་རྒྱལ་དབང་ཀརྨ་པའི་གཟིམས་ཆུང་མཇལ་བཅར་ཞུས། ལོ་བཞིའི་ཡར་སྔོན་ངོས་ནས་ཞུ་བསྐུལ་ལྟར་ཀརྨ་པ་སྐུ་ཉིད་ནས་བརྩམ་གནང་བའི་ངོས་ཀྱི་རྩ་བའི་བླ་མ་སྐྱབས་རྗེ་གྲུབ་དབང་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་གསོལ་འདེབས་ལྡེབ་མ་གཅིག་ཅན་དེའི་ལྗགས་ལུང་ཞུས། རྗེས་མར་ཨ་རི་ལ་ཕེབས་སྐབས་ང་ཡི་ཆོས་ཚོགས་ལ་གདན་འདྲེན་སྔ་ཞུས་ཀྱང་བྱས་པས་ཞལ་བཞེས་བཟང་པོ་ཐོབ། 


ཉིན་གུང་ཤེས་རབ་ནང་མི་དང་ལྷན་པོར་ལེན་ལ་ཡོང་ངལ་གསོ་བྱས་ནས་ནང་དུ་བསྡད། དེ་རིང་ནི་སྤྱི་ཚེས་བཅུ་ཉིན་ཆོས་གྲོགས་ཚེ་བརྟན་དབང་ཕྱུག་དང་ཤེས་རབ་སྐལ་ལྡན་གཉིས་ལྷན་དུ་པོར་ལེན་ཌིའི་མཛེས་ལྗོངས་དང་མེ་ཏོག་ལྡུམ་ར་སོགས་ལ་སྤྲོ་སང་ལ་ཁྱུག་ཙམ་མཉམ་དུ་སོང་བས་དཔེ་མེད་སྐྱིད་པོ་བྱུང་། དགོང་མོ་ཆུ་ཚོད་བརྒྱད་པའི་སྐབས་པོར་ལེན་ཌི་གནམ་ཐང་བརྒྱུད་ནས་ཀི་ལི་ཧྥོ་ཉའི་གནམ་ཐང་ཆུ་ཚོད་བཅུ་པའི་སྐབས་སུ་འབྱོར། གནམ་ཐང་དུ་དད་ལྡན་མ་ཨ་མ་ཀུན་བཟང་དབང་མོ་ནས་ལག་ཁ་གཏག་གིས་སྒུག་འདུག། ཨ་མ་ཀུན་བཟང་དབང་མོ་ནི་ད་ལོར་དགུང་གྲངས་བརྒྱད་བཅུ་གྱ་བཞི་ཡིན། ཕར་ལྟས་ཚོད་ལ་ལོ་གྲངས་བརྒྱད་བཅུའི་ནང་ལ་སླེབས་པ་འདྲ་བོ་གཏན་ནས་མེད། ཕ་ཡུལ་ཉི་ཧོང་ནས་ཡིན་ཀྱང་ཆུང་ནས་ཨ་རིར་འབྱོར་ནས་སློབ་སྦྱོང་དང་འཚར་སློང་བྱུང་ས་ཕལ་ཆེར་ཨ་རིར་ཡིན། མོ་རང་དངོས་མིང་དུ་susan schek ཟེར། ངོས་ཀྱི་ཆོས་ཚོགས་མཆོད་དཔོན་དང་མ་ཟད་ང་ས་ཆ་གང་དུ་འགྲོ་དགོས་ཀྱང་རླངས་འཁོར་ཁ་ལོ་བ་ཡང་ཡིན། སྙིང་ཐིག་སྔོན་འགྲོའི་ཐོག་ནས་འབུམ་ལྔ་ཆ་ཚང་བསག་གྲུབ་པ་མ་ཟད་ང་ལ་འཕྲད་ནས་བཟུང་སངས་རྒྱས་འོད་དཔག་མེད་ཡི་དམ་དུ་བསྙེན་ནས་འོད་དཔག་སྔགས་རིང་ཐོག་ནས་བསྙེན་ཚད་འབུམ་གསུམ་གྲུབ་ཚར། ང་ལ་ར་གན་གསེར་རློམ་གྱིས་དད་འདུན་ཧ་ཅང་ཆེ། ངས་ནི་མོ་རང་གི་ང་ལ་བརྩེ་བས་སྐྱོངས་སྟངས་སོགས་གང་ལ་བལྟས་ཀྱང་ལས་ཀྱིས་བསྐོས་པའི་ཨ་མ་ཡི་ཚོར་སྣང་རྒྱུན་ཆད་མེད། དེ་རིང་ནི་འཛམ་གླིང་ཨ་མའི་དུས་ཆེན་དེ་ཡིན་སྟབས་ཁ་སང་ནས་གྲ་སྒྲིག་བྱས་ནས་མོ་རང་ལ་ཆེད་དུ་ཉོས་པའི་ཀརྨ་པའི་ལས་རྟགས་ཡོད་པའི་དངུལ་ལེན་ནང་འཇམ་དེ་དང་མཉམ་དུ་མེ་ཏོག་ཆག་པ་ཞིག་བཅས་སྤྲད་པས་མོ་རང་ཧ་ཅང་དགའ་བོ་བྱུང་། དེ་ནས་ངེད་མ་བུ་གཉིས་ངོས་ཀྱི་བྱེས་བསྒྲོད་ཉིན་གསུམ་རིང་ཁ་བརྡ་བྱེད་ཞོར་རླངས་འཁོར་མོན་ཊོའུ་རེའུ་སོགས་ལ་ཁ་སྐོར་ནས་ཆོས་ཚོགས་ལ་ཡོང་བས་དགོང་མོ་ཆུ་ཚོད་དང་པོའི་སྐབས་སུ་གཞི་ནས་འབྱོར།

ལུས་ཀྱི་སྐྱེད་མ་དམར་པོའི་རླུང་འཚུབས་ཀྱིས་ཁྱེར་ཡང་།། 

ལས་ཀྱི་བསྐོས་པའི་དྲིན་ཅན་ཨ་མ་ཞིག་རྙེད་སོང་། 
ཤི་གསོན་གཉིས་ཀྱིས་བསྐྱངས་བའི་ས་མཐའ་ཡི་བུ་ཆུང་།།
དེ་རིང་ཨ་མའི་དུས་ཆེན་བསུ་བ་རུ་སླེབས་ཡོད།། 


དམར་པོའི་འཐབ་རྩོད་ཁྲོད་ཀྱི་ཨ་མ་ཡི་འོ་རྒྱལ།།
ཟླ་གསུམ་ཙམ་ལས་མ་ལོན་བུ་ཆུང་ང་སྐྱུར་ནས།། 
སྡུག་གི་མུན་པའི་ཀློང་ནས་གསོན་བྲལ་དེ་བྱས་དུས།། 
ངུས་པའི་་གདོང་གི་མིག་ཆུ་ད་དུང་ཡང་སྐམ་མེད།། 

མ་མེད་ས་མཐའི་བུ་ཆུང་ཁེར་རྐྱང་དུ་གྱུར་དུས།། 
ངོ་གདོང་གཉེར་མས་ཁེངས་བའི་བོད་མོ་འགའ་མཐོང་དུས།། 
དྲིན་ཅན་ཨ་མའི་ཞལ་རས་ལྷང་ལྷང་དུ་དྲན་ནས།། 
སྐྱོ་བའི་མིག་ཆུ་ཤོར་བ་ཉུང་ཉུང་ཞིག་མིན་ནོ།། 

ས་སྟེང་ཨ་མའི་དུས་ཆེན་རེ་རེ་ཡི་སྐབས་སུ།། 
ས་མཐའི་བུ་ཆུང་སེམས་ལ་རྨ་ཁ་རེ་བཟོས་སོང་།
བརྩེ་བའི་སྙིང་གི་ནོར་བུ་དྲིན་ཅན་གྱི་ཨ་མ།། 
ད་ལྟ་འཛམ་གླིང་ས་ཆ་གང་འདྲ་རུ་བཞུགས་ཡོད།། 

 དེ་རིང་གི་ཉིན་ཐོ་མ་ཆད་ཙམ་གཏང་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

Saturday, April 25, 2015

བཀྲ་མ་ཤིས་པའི་གཏམ་ངན་ཉིན་མོ།

ས་ཡོམ་ཁྲོད་ཀྱི་བལ་པོའི་ནང་མི།
ད་ནངས་ཞོགས་པ་ཡར་ལངས་པའི་སྐབས་སུ་བཀྲ་མ་ཤིས་པའི་གཏམ་ངན་ཞིག་ལ་བལ་ཡུལ་ལ་ས་ཡོམ་ཤུགས་ཆེན་པོ་རྒྱབ་ནས་མི་བརྒྱ་ཕྲག་མང་པོའི་ཕུང་པོ་དྲྭ་རྒྱའི་རྒྱུད་ལམ་ནང་དུ་མཐོང་རྒྱུ་ཡོད་པ་དེ་རེད། གནས་ཚུལ་དེ་མཐོང་ཐོས་བྱུང་མ་ཐག་བལ་ཡུལ་ཕྱོགས་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་དང་སློབ་མ་སོགས་ལ་ཁ་པར་གཏང་ཡང་ཁ་པར་འགྲོ་གི་མི་འདུག། ཆར་འཕྲིན་ཐོག་ནས་མི་ཁ་ཤས་ལ་འབྲེལ་བ་བྱས་པས་ངོས་ཀྱི་ངོ་ཤེས་འགའ་ལ་སྐྱོན་གང་ཡང་བྱུང་མི་འདུག་ད་དུང་ཁ་ཤས་ལ་འབྲེལ་བ་བྱེད་ཐུབ་མ་སོང་། 
ང་ནི་བལ་ཡུལ་ལ་ཧ་ཅང་དགའ། གང་ཡིན་ཟེར་ན་༡༩༩༧ ལོར་སྤྲིན་དཀར་པོ་དེ་ཐོད་ལ་བླངས། ས་ནག་པོ་དེ་འདོམས་ཀྱིས་འཇལ་ནས་སྟོད་གངས་རིའི་བརྒྱུད་མི་འདོད་བཞིན་དུ་གཞན་ཡུལ་ས་མཐར་འཁྱར་བའི་སྐབས་སུ་འཆི་གསོས་ཀྱི་ངལ་གསོའི་ས་ཚིག་ཞིག་ཡིན། མ་ཟད་གདོང་དམར་བོད་པ་ཚང་དབུ་འཕངས་དགུངས་བས་མཐོ་ཞིང་ཨེ་ཤ་ཡའི་སུམ་གཉིས་ལ་དབང་བསྒྱུར་བྱེད་པའི་དུས་རབས་བརྒྱད་པའི་སྐབས་སུ་བལ་བོད་གཉིས་ནི་གཉེན་ཚན་གྱི་འབྲེལ་བ་ཡོད་པ་ཅན་ཞིག་ཡིན། ང་རང་ཉིད་ལ་ལྟོས་ན་ཉིས་སྟོང་གཅིག་ནས་བཞིའི་བར་བལ་ཡུལ་བོད་དགོན་འགའ་རུ་ནང་ཆོས་དཔེ་ཁྲིད་ཀྱི་དགེ་རྒན་བྱས་ནས་བསྡད་པའི་རིང་བལ་ཟས་བརྒྱ་གོ་གཅིག་ཆོད་འབྲས་ལྡ་ལི་ལའང་དགའ་མོས་ཆེ་ཙམ་བྱུང་། ཕར་ལྟས་ཚོད་ལ་བྱང་ཐང་རྔ་མོང་ཁ་ནས་སྐྱུག་པའི་བཙོ་ཆུ་དང་འདྲ་ན་ཡང་ཁ་རུ་ཟ་བའི་སྐབས་སུ་བལ་ཟས་ཡོངས་ཀྱི་ནང་ནས་བྲོ་བ་ཞིམ་ཤོས་དེ་ཡིན། བལ་པོའི་ལག་ཁྱེར་རྫུན་བཟོ་བྱས་ཤིང་རླུང་རྟ་དར་བའི་སྐབས་སུ་ཨེ་ཤ་ཡའི་རྒྱ་རིགས་ཀྱི་ཡུལ་གྲུ་འགའ་ཉུལ་ནས་ཚུར་འཁོར་བའི་སྐབས་སུ་བན་རྒན་གྱི་སྒོར་ཁུག་འཐུག་པོའང་ཆག་མྱོང་། རླུང་རྟ་ཆག་པའི་སྐབས་སུ་གནམ་ཐང་ནས་ལག་ཁྱེར་རྫུན་མའི་རྐུབ་རྡོལ་ནས་བལ་སྒོར་ཁྲི་ཚོ་མང་པོའི་རྫུན་འཇལ་བྱེད་པའང་ཐེངས་གཅིག་ཙམ་ག་ལ་ཚད། 
གང་ལྟར་ཀྱང་དེ་རིང་བལ་པོར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རང་བྱུང་གི་གོད་ཆག་ཆེན་པོ་བྱུང་བ་ལ་བོད་ཀྱི་གཏམ་དཔེར། ཁྱིམ་ཚེས་ལ་རྐུ་མ་རྒྱུག་ན་ཀི་མཉམ་རྒྱག་གི་དཔེ་ལྟར་ང་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས་སེམས་ཕམ་ཧ་ཅང་ཆེན་པོ་བྱུང་། དེ་རིང་ནས་བཟུང་སྟེ་ཞེ་དགུ་མ་ཡོལ་བར་ངོས་ཀྱི་ཆོས་ཚོགས་འཇམ་དབྱངས་ཆོས་འཁོར་གླིང་ནས་གཟའ་ཟླ་བའི་འཆར་ཅན་བདེ་ཆེན་སྒྲུབས་སྐབས་སུ་དམིགས་བསལ་བསྔོ་སྨོན་དང་བྱང་ཆོག་སོགས་བྱེད་རྒྱུ་ཡིན། 

རང་བྱུང་འབྱུང་བའི་གོད་ཆག་ཟློག་མེད་འདིས།། 
ཉམ་ཆུང་མི་རྣམས་སྡུག་གི་གནས་ལ་སྦྱར།། 

ཀྱེ་མ་ཀྱེ་ཧུད་བལ་པོའི་སྡུག་བསྔལ་འདི།། 
སངས་རྒྱས་འོད་དཔག་མེད་ཀྱིས་གཟིགས་ལགས་སམ།། 

རིང་ནས་བསྙེན་པའི་ལྷ་མཆོག་ཁྱེད་རྣམས་ཀྱིས།། 
ལྷང་ལྷང་གདུང་བའི་གསོལ་འདེབས་གསན་ལགས་ན།།

འཇིགས་རུང་ས་ཡོམ་ཁྲོད་ཀྱི་ཚེ་འདས་རྣམས།།
འཁྲུལ་སྣང་བར་དོའི་སྡུག་བསྔལ་ལས་གྲོལ་ནས།། 

པདྨའི་འོད་ལས་གྲོལ་བའི་ཞིང་ཁམས་སུ།། 

སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག།

Friday, April 3, 2015

དབྱིན་ཇིའི་མི་རྒན་ཞིག་དང་མཉམ་དུ་གླེང་མོལ་བྱས་པ།།


ཁ་སང་ནི་སྔ་ནས་དུས་ཆད་བྱས་པ་ལྟར་ངོ་ཤེས་མི་ཚང་ཞིག་གིས་ཉིན་གུང་ཟ་མར་མགྲོན་འབོད་བྱས། མི་ཚང་དེའི་དགའ་ཉེ་སྤུན་མཆེད་སོགས་མི་གྲངས་བདུན་བརྒྱད་ཙམ་ཞིག་འཛོམས་འདུག ཕན་ཚུན་འཕྲད་མ་ཐག་རང་གིས་མིང་ནས་འབོད་ཅིང་ངོ་སྤྲོད་བྱེད་ཞོར་ལག་འཇུ་དང་འཐམ་འཁྱུད་སོགས་བྱེད་པ་ནི་ཡུལ་ལུང་འདིའི་ལུགས་སྲོལ་རང་ཡིན་པས་ངས་ཀྱང་དེ་བཞིན་བྱས། དེ་རིང་གི་གནམ་གཤིས་ཧ་ཅང་བཟང་བས་འབྱོར་ལྡན་མི་ཚང་འདིའི་ཁང་པའི་ཐོག་ཁར་ཉི་རའི་ནང་དུ་ཟས་རིགས་འདྲ་མིན་གྱིས་གཡོས་སྦྱོར་བྱས་པའི་ཟས་སྣ་རྣམས་ཟ་ཆོག་ཆོག་བྱས་ནས་གཤམས་འདུག
ཟས་ལ་རོལ་བཞིན་པའི་སྐབས་སུ་ང་ནི་སྐུ་མགྲོན་དམིགས་བསལ་བ་ཡིན་ཙང་ཚང་མས་ངོས་ཀྱི་སྐོར་སྐད་ཆ་འདྲི་བཤད་ལ་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག།


ཟུར་དུ་ཡོད་པའི་མི་རྒན་ཞིག་ནས་གོ་མ་བརྡ་ཡིས་ལྐོབ་ལབ་ཀྱིས་ང་ལ་འདི་ལྟར་ཟེར། ང་ནང་པའི་ཆོས་ལ་དོ་སྣང་བྱས་ནས་ལོ་མང་པོར་འགྲོ་སོང་། དང་པོ་ང་ཐེག་ཆེན་གྱི་ཆོས་བྱེད་མཁན་ཞིག་དང་འབྲེལ་བ་བྱུང་དེ་ནས་བཟུང་སྟེ་བོད་པའི་བླ་མ་འགའ་ཡི་མདུན་ནས་སྐྱབས་འགྲོའི་སྡོམ་པ་ཞུས་པ་ཡིན། ཁྱད་མཚར་ཞིག་ལ་ལོ་ལྔ་ཡི་གོང་ནས་བཀའ་གདམས་གསར་མ་པ་ཡིན་ཟེར་བའི་ཚོགས་པ་ཞིག་དང་འབྲེལ་བ་བྱུང་། ཉིན་གཅིག་དབྱིན་ཇིའི་གྲྭ་པ་གཉིས་དང་བོད་པའི་བླ་མ་གཅིག་བཅས་དགེ་འདུན་པ་འགའ་ཡིས་བྱེ་མའི་རྡུལ་མཚོན་གཤམས་སྟོན་གྱི་མཛད་སྒོ་ཞིག་གི་ཞོར་དུ་མི་མང་ལ་སངས་རྒྱས་སྨན་བླའི་དབང་ཞིག་གནང་བྱུང་བས་ངས་ཀྱང་དབང་དེ་ཞུས་པ་ཡིན། ཁོང་ཚོའི་བྱེད་སྟངས་དེ་བོད་པའི་བླ་མ་གཞན་ལས་ཁྱད་པར་ཆེན་པོ་འདུག དབང་གྲལ་ལ་བསྡད་ཚར་བའི་སྐབས་སུ་མི་རེ་རེ་བཞིན་དུ་པར་བླངས་བ་མ་ཟད་ཁ་བྱང་ཡང་སྤྲད་དགོས་འདུག གང་ལྟར་དབང་དེ་ཞུས་ཚར་ནས་བཟུང་སྟེ་ང་ལ་བཀྲ་མ་ཤིས་པ་མང་པོ་བྱུང་ཞེས་ཟེར་ཞོར་དབུགས་རིང་ནར་ནར་བྱེད་བཞིན་མིག་ནས་མཆི་མ་གཏོང་གིན་འདུག ངས་ཁྱོད་རང་ལ་དཀའ་ངལ་ག་རེ་བྱུང་སོང་ཞིབ་ཕྲ་བཤད་རོགས་ཞེས་དྲིས་དུས།
ང་ལ་དོན་མེད་རླངས་འཁོར་རྡབ་སྐྱོན་ཐེངས་མ་ཁ་ཤས་དང་མ་ཟད་ངོས་ཀྱི་གྲོགས་མོ་དང་ཁ་བྲལ་དགོས་བྱུང་། སྡུག་ཤོས་ཞིག་ལ་མཚན་མོར་རྨི་ལམ་ཧ་ཅང་ཞེད་དངངས་ཅན་མང་པོ་རྨིས་ནས་གཉིད་ཁུག་ཐུབ་མི་འདུག དེ་ང་ཡི་དཀའ་ངལ་ཆེ་ཤོས་དེ་ཡིན། ཟླ་གསུམ་ཙམ་གོང་ནས་རྒྱ་གར་ལ་ཡོད་པའི་ངོས་ཀྱི་སྐྱབས་སྡོམ་ཞུ་སའི་བླ་མ་ཆེ་གེ་མོར་དེའི་སྐོར་བཀའ་འདྲི་ཞུས་པ་ཡིན། ཁོང་ནས་ཟེར་ན་ཁྱོད་རང་བཤེས་གཉེན་ལོགས་པར་འཕྲད་པ་རེད་ཟེར། ངོས་ཀྱི་བླ་མ་དེ་ད་ལྟ་རྒྱ་གར་ལ་ཡོད་རེད་ས་གནས་འདིར་ཕེབས་ཐུབ་ཀྱི་མ་རེད། ཁྱེད་རང་ནས་ངོས་ཀྱི་དཀའ་ངལ་དེར་རོགས་པ་བྱེད་རོགས་ཟེར་ནས་མི་རྒན་ཡང་སྐྱར་ངུས་སོང་། ང་ད་ལྟའི་དཀའ་ངལ་འདི་ལས་གྲོལ་ཐུབ་ན་ཕྱིན་ཆད་ནང་པ་བྱེད་ཀྱི་མིན་ཟེར། ཁོ་རང་གི་དངོས་ཡོད་ད་ལྟའི་དཀའ་ངལ་དེ་དང་དེ་ལ་བསྟེན་ནས་ང་ཕྱིན་ཆད་ནང་པ་བྱེད་ཀྱི་མིན་ཅེས་པའི་ཚིག་འདི་གོ་བ་དང་མཉམ་དུ་མི་རྒན་དེར་སྙིང་རྗེ་ཆེན་པོ་ཞིག་རང་དབང་མེད་པར་སྐྱེས་བྱུང་། ངས་ཁོང་གིས་བཀའ་གདམས་གསར་མ་ཟེར་བའི་སྐབས་སུ་ནས་ཆོས་ལུགས་དེ་གང་ཡིན་པ་ལམ་སང་ཤེས་སོང་། གང་ལྟར་ཀྱང་ད་ལྟའི་གནས་སྐབས་སུ་མི་རྒན་ས་གནས་འདིར་གཞན་ལ་སྤོས་ཚར་འདུག་པས་ངས་ཁོང་ལ་མ་འོང་པར་དེའི་སྐོར་གཟབ་གཟབ་གྱིས་དེ་ནི་དགེ་ལུགས་པའི་ཆོས་ལུགས་ཁ་ལ་ཁྱེར་ནས་མི་ཚེ་གདོན་འདྲེར་སྐྱབས་བཅོལ་མཁན་ཤུགས་ལྡན་ཚོགས་པ་རེད་ཟེར་བཤད་པ་ཡིན། ཁོང་ནས་ཀྱང་སྔ་མོ་ནས་ཧ་གོ་ཚར་འདུག ཟ་མ་ཚར་བའི་སྐབས་སུ་ངེད་གཉིས་ང་ཡི་ཆོས་ཚོགས་སུ་སོང་ནས་རིང་ནས་བསྙེན་པའི་ཕུར་པ་རྡོ་རྗེ་གཞོན་ནུའི་སྒོ་ནས་བྱིན་རླབས་བཀའ་སྒོ་གང་དྲགས་བྱས་པ་མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ཞིག་ཀྱང་སྤྲད་པ་ཡིན། མི་རྒན་དགའ་ཐག་ཆོད་ནས་ཁོ་རང་འདུག་སའི་ཁ་བྱང་དང་ཁ་པར་ཨང་གྲངས་བཅས་སྤྲད་བྱུང་། ངས་ཀྱང་ད་ནས་བཟུང་སྟེ་ཆོས་ལུགས་དེའི་སྐོར་ལ་འབྲེལ་མ་བྱེད་ཅེས་བསླབ་བྱ་གང་དྲགས་བྱས་པ་ཡིན།
ཤུགས་ལྡན་དགེ་ལུགས་པའི་དམ་ལྡན་གྱི་སྲུང་མ་ངོ་མ་ཞིག་ཡིན་ན་བླ་མས་སངས་རྒྱས་སྨན་བླའི་བཀའ་དབང་གྱི་གྲལ་དུ་ཡོད་པའི་ཆེས་ཉམ་ཆུང་གི་མི་རྒན་འདི་ཉིད་ལ་སྙིང་རྗེའི་ངང་ནས་སྲུང་སྐྱོབས་དང་གྲོགས་བྱེད་དགོས།
རྗེ་བདག་ཉིད་ཆེན་པོའི་ཞལ་ནས་ཀྱང་།

གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།།
ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།།
མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།
བཀྲ་ཞིས་རྒྱ་མཚོའི་ཕྱོགས་ཀུན་ཁྱབ་གྱུར་ཅིག། 
ཅེས་གསུངས་ཡོད། དམ་ལྡན་གྱི་སྲུང་མ་ཚད་ལྡན་ཞིག་ཡིན་ན་བླ་མའི་དབང་གྲལ་དུ་སྙེགས་པའི་རྡོ་རྗེའི་སློབ་མ་རྣམས་ལ་ཉིན་མཚན་དུས་དྲུག་ཀུན་ཏུ་སྡོང་གྲོགས་བྱེད་ཀྱི་ཡོད།
སེམས་སྐྱོ་དགོས་པ་ཞིག་ལ་དབང་གྲལ་ནང་ནས་མི་སྐྱོ་ཤོས་ཉམ་ཆུང་ཤོས་མི་རྒན་དེ་ལ་ཤུགས་ལྡན་གྱིས་ཐུབ་ཚོད་དང་བརྙས་བཅོས་བྱེད་སྟངས་འདི་ལ་ལྟོས་དང་ཤུགས་ལྡན་ནི་གང་ཡིན་པ་བཤད་མ་དགོས་པར་ཤེས་ཐུབ། ལར་ནི་ཤུགས་ལྡན་ཞེས་པའི་མིང་རྫིག་པོའི་སྔོ་ལོ་འདི་མ་འཕྱར་བའི་གོང་ནས་༧གོང་ས་ལྔ་པ་ཆེན་པོའི་གཟུ་དཔང་ལས། རྒྱུ་སྨོན་ལམ་ལོགས་པ། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་འགྲོར་འཚེ་བ་ཅན་ཡིན་ཅེས་བསླུ་མེད་རྡོ་རྗེའི་མགུར་ནས་ཐ་ཚིག་གཉེན་པོར་བསྒྲགས་པ་འདིར་ཡིད་ཆེས་འཕར་མ་ཞིག་རྙེད་བྱུང་། དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན་གཟིམས་མལ་བདེ།