Tuesday, June 25, 2024

༅༅། དྭགས་པོའི་ཆོས་བཞིའི་འགྲེལ་བཤད་མདོར་བསྡུས།

 

བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། 
ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།
ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། 
འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།

མཉམ་མེད་དྭགས་པོ་ལྷ་རྗེའམ་མཚན་གཞན་བསོད་ནམས་རིན་ཆེན་ཡང་ན་སྒམ་པོ་པ་སོགས་མཚན་གྱི་རྣམ་གྲངས་མང་ཡང་ཡོངས་གྲགས་སུ་རི་བོ་སྒམ་པོའི་འདབས་སུ་བཞུགས་པས་སྒམ་པོ་པ་ཞེས་གྲགས། མདོར་ན་བཀའ་གདམས་པའི་བླ་མ་འདི་ནི་ཕྱི་ལོ་འཁྲུངས་ལོ་1079ནས་འདས་པོ་1153བར་བཞུགས་ནས་མཉམ་མེད་འགྲོ་མགོན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བརྒྱུད་པའི་ཆུ་མགོ་གངས་ལ་ཐུག་པའི་དཔེ་ལྟར་མཉམ་མེད་སྒམ་པོ་པ་འདི་ཡིན། ལོ་རྒྱས་པར་ཤེས་འདོད་ན་རྣམ་ཐར་རྒྱས་པར་གཞན་ནས་གཟིགས་པར་ཞུ།

སྒམ་པོ་པའི་གསུངས་ཆོས་རྣམ་གྲངས་ཧ་ཅང་མང་ཡང་ཉམས་ལེན་སྟབས་བདེ་བ་རྒྱས་འབྲིང་བསྡུས་གསུམ་གྱིས་དབྱེ་ཆོག།
རྒྱས་པ་ནི། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་འདི་ཉིད་ཡིན། འདིའི་ནང་དོན་ནི་སོ་སྐྱེ་ནས་སངས་རྒྱས་ཀྱི་ས་ཡི་བར་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོངས་རྫོགས་བསྟན་པའི་གཞུང་ཞིག་ཡིན། དེ་ནི་བོད་ཀྱི་བླ་མས་མཛད་པའི་ལམ་རིམ་ཐོག་མ་དེ་ཡང་ཡིན།
འབྲིང་པོ་ལ་ལམ་མཆོག་རིན་ཆེན་ཕྲེང་བ་ཡིན། དེ་ནི་ལྟ་སྤྱོད་གཉིས་ལས་སྤྱོད་པ་གཙོ་བོར་སྟོན་ནས་གསུངས་པའི་བསླབ་བྱའི་གཞུང་ཞིག་ཡིན།
འདི་ལ་ཤོག་གྲངས་མང་པོ་དེ་ཙམ་མེད།
བསྡུས་པ་ནི། དྭགས་པོའི་ཆོས་བཞི་ཞེས་པ་འདི་ཡིན། འདི་ནི་ཚིག་ཉུང་ལ་དོན་འདུས་པ། བྱིན་རླབས་ཀྱི་ཚན་ཁ་ཆེ་བ། གཞི་ལམ་འབྲས་བུའི་རྣམ་གཞག་ཡོངས་རྫོགས་ཚིག་རྐང་བཞིའི་ནང་དུ་འདུས་ཡོད་པ། ཉམས་སུ་ལེན་བདེ་བ་དང་ཕན་ཡོན་བཅས་ཧ་ཅང་མང་པོ་ཡོད།
ད་རེས་འདིར་ལས་དང་པོ་གསར་བུ་རྣམས་ཀྱི་ཆེད་དུ་དྭགས་པོའི་ཆོས་བཞི་འདི་ཚིག་འགྲེལ་རེ་རེ་བཞིན་མདོར་བསྡུས་བྱེད་ཀྱི་ཡིན།

ཚིག་རྐང་དང་པོ་ནི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།

འགྲེལ་བཤད་མ་བྱས་པའི་གོང་ནས་དེང་སང་གི་དུས་འདིར་བློ་ཆོས་སུ་མ་སོང་བའི་སྐྱོན་དང་། སོང་བའི་ཕན་ཡོན་མདོར་བསྡུས་བཤད་ཀྱི་ཡིན། དེང་སང་གི་དུས་འདིར་མི་མང་པོ་ཞིག་ཕྱི་དངོས་པོའི་དཔལ་འབྱོར་ཁོ་ན་ལ་གཡེངས་ནས་དེས་རྐྱེན་གྱིས་འགྲན་སེམས་དང་། ཕྲག་དོག། མི་བསོད། རྐུན་ཇག། འཕྲོག་བཅོམ། ལོག་གཡེམས། སོགས་གང་ལྟར་ནང་ཆོས་ཀྱི་ནང་ནས་གསུངས་པའི་རྩ་ཁྲིམས་མི་དགེ་བཅུ་ཁོ་ན་ལ་ལོངས་སྤྱོད་བྱེད་ཀྱི་ཡོད། གང་ལ་མི་དགེ་བ་བཅུ་ལ་ལོངས་སྤྱོད་བྱེད་སའི་གནས་དེར་མི་རྣམས་ལ་ཞི་བདེ་མེད། སངས་རྒྱས་ཀྱིས་ཆོས་ཞེས་པ་འདིར་སྟབས་བདེ་བོའི་སྒོ་ནས་བཤད་ན།

སོ་སོར་ཐར་པའི་མདོ་ལས།
སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད།
རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན།
ཅེས་གསུངས་ཡོད། ནང་ཆོས་ཀྱི་སྐད་ཆ་མ་ཡིན་པར་འདིས་ཚིག་རྐང་བཞི་འདིར་རབ་ན་ཉམས་ལེན་བྱེད་མཁན། ཐ་ན་ཡང་བསམ་བློ་ཙམ་གཏོང་མཁན་རྒྱལ་ཁབ་ཡིན་ནང་འདྲ། ལུང་པ། སྤྱི་ཚོགས། ཐ་ན་ཁྱིམ་ཚང་དང་སྒེར་སོ་སོའི་བསམ་བློ་གཏང་ན་གནས་དེར་བདེ་སྐྱིད་དང་། ཞི་བདེ་གཏན་གཏན་ཡོད། དེང་སང་འཛམ་བུའི་གླིང་འདིས་སྒང་ནས་དྲང་བདེན་ལ་གཉོམ་ཆུང་རྣམས་ལ་བདེན་ཁ་མི་སྟེར་ནས་མི་ཚང་མ་སྟོབས་དང་། དངུལ། ཚོང་སོགས་ཀྱི་རྗེས་སུ་འབྲངས་ནས་དྲང་བདེན་ལ་རྡོག་རོལ་གཏོང་བཞིན་ཡོད། དེས་རྐྱེན་པས་རྒྱལ་ཁབ་དང་། ཡུལ་ལུང་གང་ཡིན་ཀྱང་སྟོབས་ཆེན་རྒྱལ་ཁབ་དེང་དུས་ཀྱི་རྡུལ་ཕྲན་མཚོན་ཆ་སོགས་ངོམ་རེས་ཀྱིས་ཕན་ཚུན་འགྲན་རྩོད་བྱེད་ནས་འཛམ་བུའི་གླིང་་མི་གྲངས་དུང་ཕྱུར་བདུན་བཅུའི་བདེ་བ་དང་སྡུག་བསྔལ་ཚང་མ་ཁ་ཕྱོགས་གང་གི་ཕྱོགས་སུ་འགྲོ་མིན་ནི་གང་ཟག་རེ་ཟུང་གི་ལག་པར་ཡོད་པའི་དུས་ཚོད་ཆེས་ཡ་ང་བའི་དུས་རབས་འདིར་ཞིབ་ཏུ་བསམ་བློ་གཏང་ན། གོང་དུ་བཤད་པ་ལྟར་རང་གི་སེམས་མ་དུལ་བ་དེས་རྐྱེན་ཁོ་ནས་བྱུང་བ་ཞིག་རེད། དཔེར་ན་ང་རང་གི་སྐྱབས་བཅོལ་སའི་ཨ་རིའི་ལུང་པ་འདིར་མཚོན་ན་མི་མང་ཁྲོད་དུ་ནམ་ཡིན་ཡང་མཚོན་ཆའི་དཀའ་ངལ་ཆེན་པོ་ཞིག་ཡོད། དཀའ་ངལ་ག་དུས་འཕྲད་ཀྱང་མི་རྣམས་ཀྱིས་བློ་ལ་མཚོན་ཆ་དེ་ཡག་པོ་མ་རེད། མཚོན་ཆའི་བཀག་འགོག་གི་ལས་འགུལ་མང་པོ་སྤེལ་བཞིན་པ་རེད། ངས་བསམ་ན། གང་ཟག་དེ་ཉིད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བློ་ཞིག་ཡོད་ན་ལས་ཀ་ཐབས་སྡུག་དེ་འདྲ་གཏན་ནས་བྱེད་མི་སྲིད་པ་རེད། མཚོན་ཆ་མི་ཡིས་བེད་སྤྱོད་བྱེད་པ་ལས་མཚོན་ཆ་གཅིག་པུས་མི་བསད་མི་སྲིད། དེ་བས་ཕྱི་ཡི་མཚོན་ཆ་བཀག་འགོག་བྱེད་པ་ལས་ནང་གི་སེམས་མ་རུང་བའི་བློ་འདི་བཀག་འགོག་བྱས་ན་བཟང་སྙམ།
སྤྱོད་འཇུག་ལས།
།ས་སྟེང་ཐམས་ཅད་ཀོ་གཡོགས་ཀྱང་། །དེ་ཉིད་ཀོ་བས་ག་ལ་ལངས།
།ལྷམ་མཐིལ་ཙམ་གྱིས་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །
ཅེས་གསུངས་སོ། གང་ལྟར་ད་ལྟའི་དུས་རབས་འདིར་མི་རྣམས་ལ་བཟང་སྤྱོད་ཀྱི་གནས་ཚད་ཧ་ཅང་དམའ་ཞིང་། མ་རབས་ངན་སྤྱོད་རྣམས་ཉི་མ་རེར་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་གང་ཟག་དེ་ཉིད་ཀྱི་བློ་ཆོས་ཕྱོགས་སུ་མ་སོང་བའི་སྐྱོན་ཆ་རེད།

གཉིས་པ་བློ་ཆོས་སུ་སོང་བའི་ཕན་ཡོན་ནི།
སུ་ཡིན་ཀྱང་དང་པོ་མ་ཡི་མངལ་ནས་སྐྱེས་ནས་བཟུང་སྟེ་མི་ཡག་སྡུག་ཏུ་གྲུབ་མེད། མི་ཡག་སྡུག་ནི་འཁོར་ཡུག་དང་། ཆོས་ལུགས། གྲོགས་པོ། ཕ་མ་སོགས་བཟང་ངན་གྱི་དབང་གིས་འབྱུང་གི་ཡོད། དཔེར་ན། ནང་ཆོས་ལྟ་བུར་མཚོན་ན་ནང་ཆོས་ཀྱི་དགེ་རྒན་ཡག་པོ་ཞིག་རྙེད་ན་དེ་ནི་ས་སྟེང་འདི་ནས་དེ་ལས་གལ་ཆེ་བ་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་དགེ་རྒན་བཟང་པོའི་བསླབ་བྱ་རྣམས་ནི་མི་ཚེ་ལ་འགྱུར་བ་གཏན་གཏན་གཏོང་ཐུབ་ཀྱི་ཡོད། སངས་རྒྱས་ནི་ང་ཚོའི་དགེ་རྒན་དང་པོ་དེ་རེད་ཁོང་གི་བསླབ་བྱ་དམ་པའི་ཆོས་རྣམས་ལ་བསྟེན་ནས་ད་ལྟ་ཡིན་ནའང་མི་མང་པོའི་མི་ཚེར་འགྱུར་བ་འགྲོ་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ནང་ཆོས་ཀྱི་དགེ་རྒན་ལ་བཀའ་དྲིན་གཞལ་དུ་མེད་པ་ཞེས་བསྟོད་པ་འབུལ་གྱི་ཡོད། བསྟོད་པ་དེ་དོན་ལ་གནས་ཡོད། གང་ཡིན་ཟེར་ན་ང་རང་ཚོ་བླངས་དོར་གྱི་གནས་ལ་རྨོངས་ནས་ཡོད་པའི་སྐབས་སུ་དགེ་རྒན་གྱིས་བསླབ་བྱ་དང་དམ་ཆོས་ལ་བརྟེན་ནས་རང་ཉིད་མི་ཚེར་བཟང་ཕྱོགས་སུ་འགྱུར་བ་ཆེན་པོ་སོང་ན་མི་ཚེ་འདིར་དེ་ལས་ཕན་ཐོག་ཆེ་བ་ཞིག་མེད། དེར་བརྟེན་བློ་ཆོས་སུ་འགྲོ་བའི་གཙོ་བོ་དེ་ནང་ཆོས་ཀྱི་དགེ་རྒན་ལ་རགས་ལས་ཡོད། དེང་སང་བློ་ཆོས་སུ་སོང་ནས་དངོས་སུ་མཐོང་བའི་ཡུལ་དུ་གཞན་ཕན་གྱི་བྱ་བ་རླབས་ཆེན་སྒྲུབ་མཁན་མང་པོ་ཡོད། དཔེར་ན། ནང་ཆོས་ནང་རྒྱལ་བ་རིན་པོ་ཆེ་དང་། ཆོས་ལུགས་གཞན་པ་ལས་ཀྱང་རྒྱ་གར་གྱི་བདག་ཉིད་ཆེན་པོ་གནྡྷི་དང་། ཨ་མ་ཊེའུ་རེ་ས་ལྟ་བུ་ཧ་ཅང་མང་པོ་ཡོད་པ་རེད། དེ་ནི་དེང་སང་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་ཀྱི་མི་སྣ་རྣམས་ཀྱི་མཛད་བཟང་རེད། དོན་ངོ་མའི་བློ་ཆོས་སུ་སོང་བ་ནི་རང་གི་རྒྱུད་ཀྱི་ཉོན་མོངས་རྣམས་སྤངས་ཐུབ་དགོས། དེ་ལྟར་བྱུང་ན་བློ་ཆོས་སུ་སོང་བ་རེད། ཉོན་མོངས་འདོད་ཆགས། ཞེ་སྡང་། གཏི་མུག། ང་རྒྱལ། ཕྲག་དོག་སོགས་ཡོད་མཁན་ཞིག་ཡིན་ན་དེ་ནི་མི་ཡི་སྤྱི་ཚོགས་སུ་མི་དེ་མ་རབ་ཞིག་ཏུ་རྩི་བ་ལས་ཡ་རབ་འཇོག་གི་མེད། རང་རྒྱུད་ལ་ཉོན་མོངས་གཏན་ནས་མེད་པའི་ཐབས་ཤེས་དགོས་ན་ནང་པའི་ཆོས་ཀྱི་ལམ་དུ་ཞུགས་ནས་ཉམས་ལེན་བྱེད་པ་ལས་གཞན་ཐབས་ཤེས་གང་ཡང་མེད། ཉོན་མོངས་རྩད་ནས་སྤངས་ཐུབ་མཁན་ཞིག་སངས་རྒྱས་ཡིན་ན་མ་གཏོགས་དཀའ་ཡང་། ཉོན་མོངས་ཉུང་དུ་གཏོང་བའི་ཐབས་ལམ་གཏན་གཏན་ཡོད། འཛམ་བུའི་གླིང་ལ་ཉོན་མོངས་ཉུང་དུ་གཏོང་ཐུབ་ན་ཞི་བདེ་དང་། ཉོན་མོངས་ཅན་གྱི་མི་ཇི་ཙམ་མང་ན་དེ་ཙམ་གྱིས་ཞི་བདེ་མེད་པ་ནི་ཚང་མས་མཁྱེན་གསལ་ལྟར་རེད། དེ་ནི་རང་རྒྱུད་བློ་ཆོས་སུ་སོང་མ་སོང་གི་གནས་ཚད་ལ་ཐུག་ཡོད། དེ་རྣམས་བློ་ཆོས་སུ་སོང་བ་དང་མ་སོང་བའི་ཉེས་དམིགས་མདོར་བསྡུས་ཡིན།
ད་དངོས་གཞིའི་ཚིག་རྐང་བཞི་པོར་རེ་རེ་བཞིན་འགྲེལ་བཤད་བྱེད་ཀྱི་ཡིན།

དང་པོ། བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།
སྤྱིར་གཏང་དྭགས་པོའི་ཆོས་བཞི་འདི་ཉིད་བྱིན་གྱིས་བརླབ་ཏུ་གསོལ་ཟེར་ནས་སྨོན་ལམ་ཙམ་མ་ཡིན་པར། ཚིག་ཐ་མ་བྱིན་གྱིས་བརླབ་ཟེར་བ་དེ་ཉིད་འགྱུར་བ་གཏང་ནས་བློ་ཆོས་སུ་འགྲོ་བར་ངས་བྱེད་ཀྱི་ཡིན། ཆོས་ལམ་དུ་འགྲོ་བར་ངས་བྱེད་ཀྱི་ཡིན། ལམ་འཁྲུལ་པ་སེལ་བར་ངས་བྱེད་ཀྱི་ཡིན། འཁྲུལ་པ་ཡེ་ཤེས་སུ་འཆར་བར་ངས་བྱེད་ཀྱི་ཡིན་ཟེར་བའི་དམ་བཅའ་ལ་བཞག་ནས་བསྒྲུབ་བྱའི་ཆོས་བཞི་འདི་ཉིད་དམ་བཅའ་ལ་བཞག་ལ་དམ་བཅའ་དེ་ཉིད་འགྲུབ་པའི་སྨོན་ལམ་བཀའ་བརྒྱུད་པའི་བླ་མ་མར་མི་དྭགས་གསུམ་གྱིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཟེར་བ་ལྟར་བྱས་ན་ཡག་པོ་འདུག། གོང་དུ་བཤད་མ་ཐག་པ་ལྟར་བློ་ཆོས་སུ་སོང་བའི་ཕན་ཡོན་དང་མ་སོང་བའི་ཉེས་དམིགས་སོགས་ལ་བསམ་བློ་ཞིབ་ཏུ་གཏང་ནས་བློ་ཆོས་སུ་འགྲོ་བའི་ཐབས་ཤེས་རང་ཉིད་ཀྱིས་བྱེད་དགོས། སྤྱིར་གཏང་རྒྱ་གར་སྐད་དུ་དྷརྨཱ་ཞེས་བོད་སྐད་དུ་ཆོས་ཟེར། ཆོས་ཞེས་པའི་དོན་ནི་རང་གི་སེམས་བསྒྱུར་བཅོས་གཏང་བ་ལ་གོ་དགོས།
དེ་ལ་སུ་བསྒྱུར་བཅོས་གཏོང་དགོས་ན། ཉོན་མོངས་དུག་གསུམ་གྱི་གཡོག་ཏུ་ཚུད་པའི་གང་ཟག་རང་ཉིད། སུས་བསྒྱུར་བཅོས་གཏོང་དགོས་ན། ཚིག་ཉུང་ལ་དོན་འདུས་ཞིང་། བྱིན་རླབས་ཀྱི་ཚན་ཁ་ཧ་ཅང་ཆེ་བའི་སྐབས་འདིའི་དྭགས་པོའི་ཆོས་བཞིས། ཇི་ལྟར་བསྒྱུར་བཅོས་གཏོང་དགོས་ན། དམ་པའི་ཆོས་འདི་གོ་རིམ་མ་འཁྲུགས་པར་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབས་ནས། བསྒྱུར་བཅོས་གཏང་ན་དགོས་པ་གང་ཡོད་ཅེ་ན། རང་ཉིད་ཉོན་མོངས་ལས་རྒྱལ་ནས་སེམས་ལ་གཏན་གྱི་བདེ་བ་ཡང་དག་པ་རྙེད་པའོ།
ཉོན་མོངས་ལས་རྒྱལ་ཐུབ་བམ་ཞེ་ན། གཏན་གཏན་ཐུབ་སྟེ་ཉོན་མོངས་ནི་བློ་བུར་ཙམ་ལས་རང་བཞིན་གྱིས་མ་གྲུབ་པ་ཡིན་དཔེར་ན་ནམ་མཁར་སྤྲིན་པ་འདི་རྣམས་བློ་བུར་བ་ལས་རང་བཞིན་གྱིས་ནམ་མཁར་གྲུབ་མེད།
སྤྱིར་གཏང་ནང་པའི་ཆོས་འདི་ལྟ་སྤྱོད་གཉིས་སུ་བསྡུས་ཡོད། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་དེ་ཡིན། ལྟ་བ་རྟེན་འབྱུང་དང་དེ་ལ་སོགས་པ་བྱམས་སྙིང་རྗེ་སྟོང་པ་ཉིད་སོགས་ལ་ཉམས་ལེན་ཡག་པོ་བྱུང་ན་སྤྱོད་པ་རང་བཞིན་གྱིས་འཚེ་བ་མེད་པའི་ཕྱོགས་སུ་འགྲོ་ཐུབ། རྒྱུ་མཚན་གང་ཡིན་ཞེ་ན་ལྟ་བ་དེ་ཉིད་ཉོན་མོངས་ཀྱི་གཉེན་པོར་འགྲོ་གི་ཡོད། ལྟ་བ་ཉམས་ལེན་ཆེན་པོ་ཡོད་མདོག་སྟོན་ཀྱང་སྤྱོད་པའི་སྐབས་སུ་མི་དགེ་བཅུ་སྤ྄ོངས་རང་རྒྱུད་ལ་སྔར་བཞིན་ཡོད་ན་དེ་བློ་ཆོས་སུ་མ་སོང་བའི་རྟགས་ཡིན། སྤྱིར་གཏང་ལུས་ངག་ཡིད་གསུམ་ཀ་ཆོས་ཕྱོགས་སུ་འགྲོ་བ་ཧ་ཅང་གལ་ཆེ་ཡང་། གཙོ་བོ་བློ་ཆོས་སུ་འགྲོ་དགོས། 
བློ་ཆོས་སུ་མ་སོང་བར་ལུས་ངག་གི་འདྲ་ཆག་པོ་ཇི་ལྟར་བྱས་ཀྱང་ཕན་ཐོག་དེ་ཙམ་མེད།  ངས་ང་ཡི་ལོ་སྒྲུང་ཐུང་ཞིག་བཤད་འདོད་བྱུང་། ཉིས་སྟོང་དྲུག་ལོར་ངས་མ་ལེ་ཤཱ་རུ་ཆོས་ཚོགས་གསར་པ་ཞིག་སྒོ་འབྱེད་བྱས་སྐབས་དེ་དུས་ཀྱི་སྐུ་མགྲོན་ལ་ང་ཡི་ཆོས་གྲོགས་མང་པོ་ཞིག་གདན་འདྲེན་ཞུས། མཛད་སྒོའི་སྐབས་སུ་ང་ཡི་ཆོས་གྲོགས་ཞིག་ནས་འདི་ལྟར་ཟེར། ཡ་མཁན་པོ་ཀར་བསྟན་འདི་མི་འཇོན་པོ་ག་ས་ག་ལ་ཆོས་ཚོགས་བཙུགས་གནང་ནས་ཁྱོད་རང་ལ་ཆོས་ཚོགས་ག་ཚད་ཡོད་ཟེར། ངས་ད་ལྟ་ཆོས་ཚོགས་འགའ་ཤས་ཞིག་ཡོད་ལགས་ཞུས། ཁྱོད་རང་ལ་ཆོས་ག་ཚད་ཡོད་ཅེས་དརིས་དུས་ཁོང་ནས་ང་ཡི་གདོང་པར་གཅེར་བཞིན་བྲང་ལག་པར་སྦྱར་ནས་འདི་ལྟར་ཟེར། ང་ཡི་ཆོས་ཚོགས་འདིའི་ནང་ཡོད་ཟེར། སྐབས་དེ་དུས་ངས་དོ་སྣང་དེ་ཙམ་མ་བྱུང་ད་ལྟར་བསམ་བློ་འཁོར་དུས་དེ་ནི་དངོས་གནས་རྙེད་པར་དཀའ་བའི་གདམས་ངག་ཞིག་རེད་བསམ་བྱུང་། རང་རྒྱུད་ཉམས་ལེན་ཡག་པོ་ཡོད་ན་ཆོས་ཚོགས་དང་དགོན་པ་ཚང་མ་ནང་ལ་ཡོད་པ་རེད་འདུག་བསམ་
རྒྱུ་མཚན་དེ་ལ་བརྟེན་ནས་བློ་ཆོས་སུ་སོང་བ་འདི་ནི་ཧ་ཅང་ཆེན་པོ་ཞིག་རེད། དེ་ལྟར་དགོས་ན་དང་པོ་བླ་མ་ཚད་ལྡན་ཞིག་འཕྲད་ནས་བླ་མས་གང་གསུངས་པའི་གདམས་ངག་རྣམས་ལེ་ལོ་དང་ཕྱི་གཤོལ་མེད་པར་བརྩོན་འགྲུས་ཀྱིས་ཉམས་སུ་ལེན་དགོས་པ་རེད། སྤྱིར་གཏང་ཆོས་རྣམ་གྲངས་ཧ་ཅང་མང་ཡང་ལས་དང་པོ་པར་བློ་ལྡོག་རྣམ་བཞི་འདི་ཧ་ཅང་གལ་ཆེན་པོ་ཡིན། བློ་ལྡོག་རྣམ་བཞི་ནི། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་འབྲས། འཁོར་བའི་ཉེས་དམིགས་བཅས་བཞི་པོ་ཡིན། བློ་ལྡོག་རྣམ་བཞིས་རང་རྒྱུད་ལེགས་པར་མ་སྦྱང་ནས་ཕྱག་རྫོགས་སོགས་མིང་རྫིག་པོའི་ཆོས་ག་ཚད་ཐོབ་ཀྱང་ཕན་ཐོག་ཡོང་བར་ཧ་ཅང་དཀའ། དེ་བས་ན་བློ་ལྡོག་རྣམ་པ་བཞི་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་རང་ཚོ་འཁོར་བར་ངེས་འབྱུང་དང་། སེམས་ཅན་ལ་བྱམས་སེམས་མེད། བླ་མས་ཆོས་ཇི་ལྟར་མང་པོ་གསུངས་ཀྱང་སེམས་ལ་འགྱུར་བ་མེད་པ་དཔེར་ན། ལྕགས་གོང་དང་རྡོ་ནང་བཞིན་ཧ་ཅང་སྲ་འཁྲེག་ཅན་དུ་གྱུར་པ་འདི་ཉིད་ནི་གོང་དུ་བཤད་པའི་བློ་ལྡོག་རྣམ་བཞིས་དོན་ལ་བསམ་བློ་མ་འཁོར་བའི་རྟགས་རེད། ཆོས་མང་པོ་མ་ཤེས་ཀྱང་བློ་ལྡོག་རྣམ་བཞི་འདི་དོན་ཡག་པོ་ཞིག་བསམ་བློ་གཏང་ན་ནམ་ཞིག་ཁྱེད་རང་གི་བློ་ཆོས་སུ་འགྲོ་བར་ཐེ་ཚོམ་མེད་པ་རེད།

གཉིས་པ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།
སྤྱིར་བཏང་དེང་སང་གི་དུས་ཚོད་འདིར་བློ་དམ་པའི་ཆོས་ཕྱོགས་སུ་འགྲོ་དང་། དེ་བས་ཀྱང་ཆོས་ལམ་དུ་འགྲོ་ཐུབ་མཁན་ཧ་ཅང་དཀོན། དེང་སང་གི་དུས་སུ་ཆོས་ཀྱི་རིན་ཐང་དེ་ཅམ་མི་ཤེས་པའི་དབང་གིས་ཡིན། མ་ཟད་ཆོས་པ་རྣམ་པར་དག་པ་ལ་རྩི་མཐོང་མེད།
ངས་སྒྲུང་ཐུང་ཞིག་བཤད་འདོད་ཡོད། ལོ་འགའ་ཡི་སྔོན་ས་གནས་འདིར་ངོས་ཀྱི་གྲོགས་པོ་ཞིག་ཡོད། ཁོང་ནས་ཉིན་གཅིག་ང་སར་སླེབས་སོང་། ངས་ཁོང་ལ་ཇ་ཕུལ་ནས་ངེད་གཉིས་ཇ་མཉམ་འཐུང་བྱེད་ཞོར་ཁོང་ནས་ང་ལ་འདི་ལྟར་ཟེར།
ཁྱོད་རང་གཅིག་པུ་ཁང་པ་ཞིག་ནང་དུ་རྟག་པར་བསྡད་དགོས་ན་ཁེར་སྐྱང་གི་སུན་སྣང་གིས་བསྡད་ཐུབ་ཀྱི་མ་རེད། ས་ཆ་འདི་བོད་ཀྱི་ལུང་པ་ཁུག་ཀྱོག་ཞིག་དང་འདྲ་གི་མ་རེད། ལུང་པ་འདིར་ལྟད་མོ་ཧ་ཅང་མང་པོ་དང་། འགྲོ་ས་འདུག་ས་ཧ་ཅང་མང་པོ་ཡོད་རེད། དཔེར་ན། གློག་བརྙན། ཞབས་བྲོ། མི་མང་འདུ་འཛོམས། ལྟད་མོ་འདྲ་མིན་ཧ་ཅང་མང་པོ་རེད། དེ་རྣམས་ལོངས་སུ་སྤྱད་ན་སྐྱིད་པོ་ཡོད་རེད་ཅེས་བསླབ་བྱ་གནང་སོང་། ངས་ཁོང་ལ་འདི་ལྟར་ཞུས་པ་ཡིན། ང་ནི་ཞོགས་པ་སྔ་བོ་ལངས་ནས་ང་རང་འཆར་ཅན་དགེ་སྦྱོར་སྒོམ་སྒྲུབ་སོགས་བྱེད་ཀྱི་ཡོད། ང་རང་ལ་དུས་ཚོད་ཞིག་ཡོད་ན་ང་གཅིག་པུར་ཁང་པའི་ནང་དུ་འདུག་རྒྱུ་ལས་སྐྱིད་ས་ཞིག་མི་འདུག། ང་གཅིག་པུར་འདུག་དུས་ང་ལ་སུན་སྣང་སྐྱེ་བའི་དུས་ཚོད་གཏན་ནས་མི་འདུག། ང་མི་མང་གི་ཁྲོད་དུ་ཟང་ཟིང་མང་པོ་མཐོང་དུས་སྐབས་དེ་དུས་ང་སུན་སྣང་ཡོང་གི་འདུག་ཅེས་བཤད་དུས། ཁོང་ནི་ང་ལ་ཡིད་ཆེས་ཁག་པོ་བྱུང་སོང་། ཁོང་ནས་ང་ལ་བསམ་པ་བཟང་པོས་བསླབ་བྱ་བཤད་པ་རེད་ངས་ཤེས་ཀྱི་ཡོད། ཡིན་ནའང་ངས་ཁོང་གི་བསླབ་བྱ་ལ་མོས་མཐུན་བྱེད་མ་ཐུབ་པ་ནི་ངེད་གཉིས་ཀྱི་དམིགས་ཡུལ་དང་ཕུག་བསམ་མ་འདྲ་བའི་དབང་གིས་རེད། དེ་ལ་ཁག་ཡོད་མ་རེད།
“སྔོན་མ་རྗེ་བཙུན་མི་ལ་རས་པས་འདི་ལྟར་གསུངས་པ་རེད། ངས་བལྟས་ན་སེམས་ཅན་རྣམས་ཀྱི་བྱེད་སྟངས་སྨྱོན་པ་རེད་འདུག་བསམ་ཡང་སེམས་ཅན་གྱིས་བསམ་ན་ང་ཡི་བྱེད་སྟངས་འདི་སྨྱོན་པར་བསམ་པ་རེད་ཅེས་གསུངས་པ་རེད། དོན་ངོ་མར་སེམས་ཅན་རྣམས་སྨྱོན་པ་རེད།”
དེ་དང་འདྲ་བོ་རེད།
སྤྱིར་བཏང་ངས་གྲྭ་ཆས་གྱོན་པ་འདི་ཡང་དམིགས་ཡུལ་ངེས་ཅན་ཞིག་བཟུང་ནས་གྱོན་པ་ཡིན། དམིགས་ཡུལ་ཚེ་འདིར་དམ་པའི་ཆོས་ཀྱི་ལམ་ལ་བསྟེན་ནས་རང་གཞན་གཉིས་པར་བདེ་ནས་བདེ་བ་རུ་མཉམ་དུ་འགྲོ་ཐུབ་ན་བསམ་པ་དེ་ཡིན། གལ་སྲིད་གཞན་བདེ་བ་རུ་འཁྲིད་མ་ཐུབ་ཀྱང་རང་ཉིད་ལམ་འདིའི་ནང་དུ་གོང་གི་སྒམ་པོ་པའི་ཆོས་བཞིའི་ནང་ལྟར་བྱེད་ཀྱི་ཡིན།
གང་ལྟར་ཀྱང་ངོས་ཀྱི་གྲོགས་པོ་ཁོང་ཕར་འགྲོ་ཚར་བའི་སྐབས་སུ་མཆོད་གཤམས་ཀྱི་མདུན་ནས་ངས་སྒམ་པོ་པའི་ཆོས་བཞི་འདི་དམིགས་པ་རྩེ་གཅིག་པ་བཅས་ཚར་གསུམ་བཏོན་པ་ཡིན།
སྐབས་དེ་དུས་ང་ཡི་བསམ་བློར་སྤྱིར་གཏང་ང་བོད་ལ་སྐྱེས་པ་དེ་ང་རང་གི་བསོད་ནམས་རེད་འདུག ལྷག་པར་དུ་གྲྭ་པའི་ལུས་རྟེན་རྙེད་པ་དེ་བས་ཀྱང་བསོད་ནམས་རེད་འདུག་བསམ་པའི་བློ་འཁོར་སོང་། སྐབས་དེ་དུས་ང་རང་གི་ལུས་རྟེན་དང་སྐྱེ་སའི་ལུང་པ་གཉིས་ལ་ཡིད་ཆེས་འཕར་མ་ཞིག་སླ྄ེབས་སོང་།
ལར་ནི་ངས་ཆུང་ནས་ད་བར་ཆོས་ཉམས་ལེན་བྱས་པ་དེས་ཚེ་འདིར་སངས་རྒྱས་མ་ཐུབ་ཀྱང་། གནས་སྐབས་ཁེར་རྐྱང་དུ་ལུས་པའི་སུན་སྣང་འདི་མེད་པར་གཏོང་མ་ཐུབ་ན་ངས་ཆོས་བྱེད་པ་དོན་མེད་རེད་བསམ་སོང་། ང་ཡི་གྲོགས་པོ་ལ་ཁག་ཡོད་མ་རེད། ཁོང་གི་ཆོས་ཀྱི་ཕན་ཡོན་དེ་ཧ་མ་གོ་བ་རེད།

དེང་སང་གི་མི་རྣམས་ཀྱིས་སེམས་ལ་དཀའ་ངལ་འཕྲད་ཡོང་ན་དཀའ་ངལ་སེལ་བའི་ཐབས་ཤེས་གཞན་དག་ཡོད་མ་རེད། བློ་བུར་དུ་ཁ་ཕྱི་ལྟས་བྱེད་ནས་སྨན་ཉོ་བ་དང་། རྫས་ངན་སོགས་གནས་སྐབས་བེད་སྤྱོད་བྱེད་ཀྱི་རེད། དམ་པའི་ཆོས་འདི་ནི་དུས་རབས་འདིར་སྨན་མཆོག་ཏུ་གྱུར་པ་དེ་ཡིན་པ་ཤེས་མཁན་ཧ་ཅང་དཀོན་པོ་རེད། ནོར་བུའི་ངོ་ཤེས་དགོས་ན་དེད་དཔོན་ནོར་བུ་ཤེས་མཁན་ལས་སྐྱེ་བོ་ཕལ་ཆེར་གྱིས་ཤེས་ཀྱི་མ་རེད།

རྒྱུ་མཚན་དེར་བརྟེན་ཆོས་ཀྱི་གནས་ལུགས་ངོ་མ་མ་ཤེས་ན་དེ་གང་འདྲའི་རྩ་ཆེན་པོ་ཡིན་པ་ཤེས་ཀྱི་མ་རེད། གལ་སྲིད་ཅུང་ཤེས་ཀྱང་རང་རྒྱུད་ཉོན་མོངས་གི་གཉེན་པོར་འགྲོ་ཧ་ཅང་ཁག་པོ་རེད་འདུག།
གལ་སྲིད་བློ་ཆོས་སུ་ཅུང་ཟད་སོང་ན་ཡང་གནས་སྐབས་ལོ་ཟླ་འགའ་ཤས་ཞིག་ལས་མུ་མཐུད་དུ་མ་ཤིའི་བར་རྒྱུན་སྐྱོང་མཁན་དེ་བས་ཀྱང་དཀོན། དེང་སང་གི་སྤྱི་ཚོགས་འདིར་རྣམ་གཡེངས་ཁོ་ན་དང་། དམ་པའི་ཆོས་ཀྱི་མི་མཐུན་པའི་འགལ་ཟླ་ཧ་ཅང་མང་། སེམས་འདི་ཧ་ཅང་བསླུ་རྐྱེན་པ་སྤྲེའུ་དང་འདྲ། གང་མཐོང་ཚད་དང་ཐོས་ཚད་ཀྱི་རྗེས་སུ་འབྲངས་ནས་ཆོས་སྒྲུབ་པ་ལ་བར་ཆད་ཧ་ཅང་མང་།
དེང་སང་གི་དུས་ཚོད་འདིར་མི་ལ་གཏན་གཏན་མེད་པ་རེད། ཚེ་སྟོད་ཆོས་པ་རྣམས་ཚེ་སྨད་སྡིག་རྒན་དུ་འགྱུར་བ་དང་། ཚེ་སྟོད་གྲྭ་པ་ཚེ་སྨད་བུ་ཕྲུག་མང་པོའི་བདག་པོར་གྱུར་ནས་འཁོར་བར་འཁྱམས་པ་སོགས་དངོས་སུ་མཐོང་བཞིན་པ་འདི་ཉིད་ཀྱང་། ཆོས་ལམ་དུ་མ་སོང་ནས་བར་ཆད་ཀྱི་དབང་གིས་བྱུང་བ་རེད། དེ་འདྲ་བ་མ་ཡིན་པར་དང་པོ་བློ་ཆོས་སུ་ལེགས་པར་སོང་བ་ཡིན་ན་གཉིས་པ་ཆོས་ལ་བར་ཆད་མེད་པར་ཆོས་དེ་ཉིད་ཀྱང་ལམ་དུ་འགྲོ་བ་རེད།

དང་པོ་བློ་ཆོས་སུ་ཡག་པོ་ཡག་པོ་མ་སོང་ན། གཉིས་པ་ཆོས་ལམ་འགྲོ་ཁག་པོ་རེད། དཔེར་ན། བོད་པས་འདི་འདྲ་ཟེར་སྲོལ་ཡོད། བོད་ཚེས་གཅིག་ནས་ནོར་བ་ཡིན་ན་ཚེས་པ་བཅོ་ལྔའི་བར་ནོར་འགྲོ་བ་རེད་ཟེར་བ་ལྟར་རེད། དང་པོ་དེ་ཡག་པོ་ནོར་ན་གཅིག་པ་ནོར་ཚར་བ་རེད། གང་ལྟར་ཀྱང་བློ་ཆོས་སུ་འགྲོ་ལ་ཆོས་རྣམ་པར་དག་རྙེད་དགོས་པ་རེད། ཆོས་རྣམ་པར་དག་པ་རྙེད་དགོས་ན། དེ་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་བླ་མ་ཚད་ལྡན་རྙེད་དགོས་པ་རེད། གང་ལྟར་ཀྱང་དགེ་བའི་བཤེས་གཉེན་ཚད་ལྡན་དགོས་པ་དེ་བློ་ཆོས་སུ་འགྲོ་བ་ལ་ལྡེའུ་མིག་ལྟ་བུ་ཡིན་པ་རེད།

གསུམ་པ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ།
གོང་དུ་བཤད་མ་ཐག་པ་ལྟར་བློ་ཆོས་སུ་སོང་། ཆོས་ལམ་དུ་སོང་བ་ཡིན་ན་ལམ་གྱི་ཆོས་དེ་ཉིད་ཀྱང་ཉོན་མོངས་ཀྱི་གཉེན་པོར་གྱུར་ནས་འཁྲུལ་པའམ་ཉོན་མོངས་ཉིད་བསལ་ཐུབ་ཀྱི་རེད། སྤྱིར་གཏང་དོན་དམ་པའི་གནས་ལུགས་ཡང་དག་པའི་ངོ་ལ་འཁྲུལ་པ་དང་ཡེ་ཤེས་ཞེས་ཐ་དད་གཉིས་སུ་མི་སྣང་ཡང་། ཀུན་རྫོགས་ལས་དང་པོའི་ངོ་བོ་ལ་འཁྲུལ་པ་དང་ཡེ་ཤེས་གཉིས་ཐ་དད་ཀྱི་ངོ་བོར་སྤངས་གཉེན་གྱི་ཚུལ་དུ་ཡོད་པར་ཤེས་དགོས། དང་པོ་ཉོན་མོངས་ལ་འཐབ་པ་དང་། གཉིས་པ་ཉོན་མོངས་གྲོགས་སུ་ཤར་བ། ཐ་མ་ཉོན་མོངས་ཡེ་ཤེས་སུ་འགྱུར་བ་སོགས་ཡོད།
ལས་དང་པོ་པའི་སྐབས་སུ་ཉོན་མོངས་ལ་འཐབ་པ་སོགས་ཐབས་ཚུལ་གང་དྲག་གིས་རང་ཉིད་ཉོན་མོངས་ཀྱི་བྲན་དུ་མ་གྱུར་པར་བྱེད་དགོས། དང་པོ་ཉིད་ནས་ཉོན་མོངས་གྲོགས་སུ་ཤར་བ་དང་ཉོན་མོངས་ཡེ་ཤེས་སུ་འཆར་དཀའ། ཉོན་མོངས་གང་གིས་སེལ་དགོས་ཞེ་ན། སྟོང་ཉིད་ཀྱི་ལྟ་བས་སེལ་དགོས། ཚུལ་ཇི་ལྟར་སེལ་དགོས་ན། རང་གིས་ཉམས་སུ་ལེན་པའི་སྒོ་ནས་སེལ་དགོས། ཆོས་ཤེས་པ་ཙམ་གྱིས་མི་ཆོག་པར་ཉམས་སུ་ལེན་དགོས། ཤེས་རབ་ཡང་དག་པ་ནི་རང་རྒྱུད་ཀྱི་ཉོན་མོངས་མཐའ་དག་ལས་གྲོལ་བའི་ཆ་དེ་ཡིན།
དཔེར་ན། མི་ཞིག་བྲོད་པ་ལྟོགས་པའི་སྐབས་སུ་མི་དེའི་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་དང་ནུས་པ་སོགས་འགྲེལ་བཤད་བྱེད་ཤེས་ཀྱང་བྲོད་པ་ལྟོགས་པའི་དཀའ་ངལ་ལ་མི་ཕན། ལྟོགས་པའི་དཀའ་ངལ་སེལ་དགོས་ན་ཟ་མ་ངེས་པར་བཟོ་ནས་ཟ་དགོས་པ་ལྟར་ཡིན། ཆོས་ཀྱང་དཔེ་དེ་བཞིན་མིང་དང་ཐ་སྙད་གྲངས་ཀ་བགྲངས་ཤེས་པ་ཙམ་གྱིས་ཉོན་མོངས་ལ་མི་གནོད། ངེས་པར་དུ་ཉམས་སུ་ལེན་དགོས། ཉམས་ལེན་བྱས་པ་ཡིན་ན་ནམ་ཞིག་འཁྲུལ་པའམ་ཉོན་མོངས་འདི་བསལ་ཐུབ། ཉོན་མོངས་བསལ་ཐུབ་པའི་རྒྱུ་མཚན་ནི། ཉོན་མོངས་འདི་བློ་བུར་བ་ཞིག་ལས་སེམས་ཀྱི་རང་གྱི་གཤིས་ལ་ཞུགས་མེད། དཔེར་ན། ནམ་མཁར་སྤྲིན་པ་འདི་བློ་བུར་བ་ཞིག་ལས་སྤྲིན་པ་ཇི་ལྟར་འཐུག་ཀྱང་ནམ་མཁའི་སྔོ་སང་གི་རང་བཞིན་འདི་ལ་འགྱུར་བ་གཏོང་མི་ཐུབ། དེ་བཞིན་དུ་ང་རང་ཚོའི་རྒྱུད་ལ་ཆགས་སོགས་ཉོན་མོངས་ཀྱི་བློ་ཇི་ལྟར་ངན་ཀྱང་གནས་སྐབས་ཙམ་ལས་སེམས་སྟོང་གསལ་གྱི་རང་བཞིན་འདི་ལ་འགྱུར་བ་གཏོང་མི་ཐུབ། གལ་སྲིད་སྟོང་གསལ་ཡེ་ཤེས་ཀྱི་རིག་པ་འདི་ལ་ཉོན་མོངས་ཀྱིས་བསླད་སོང་ན་ང་ཚོའི་ཉམས་ལེན་གང་བྱས་པ་རྣམས་འབད་པ་དོན་མེད་དུ་འགྱུར་འགྲོ།
དེ་ལྟར་མ་ཡིན་པར་ང་ཚོའི་ཉམས་ལེན་ཇི་ལྟར་བྱས་པ་དེ་ཙམ་གྱིས་སེམས་ཡང་དག་པ་ཡེ་ཤེས་ཀྱི་ཕྱོགས་སུ་གོམས་པ་ཆེ་རུ་འགྲོ་ནས་དེ་ཡི་མི་མཐུན་ཕྱོགས་ཀྱི་འཁྲུལ་པའམ་ཉོན་མོངས་རྣམས་ནུས་པ་ཤུགས་ཆུང་དུ་འགྲོ་གི་ཡོད། དཔེར་ན། བོད་ཀྱི་ལི་ཐོའི་ནང་དུ་བོད་ཚེས་གསུམ་གྱི་སྐབས་སུ་ཟླ་བ་ཆུང་ཆུང་ཞིག་མཐོང་ནས་དེ་ནས་བཟུང་སྟེ་བོད་ཚེས་བཅོ་ལྔའི་བར་ཟླ་བ་དཀར་པོའི་ཕྱོགས་དེ་ཉིད་ཇེ་ཆེ་ལ་འགྲོ་ཞིང་ནག་པོའི་ཕྱོགས་ཉིད་ཇེ་ཆུང་ལ་འགྲོ་ནས་མཐར་བོད་ཚེས་བཅོ་ལྔའི་སྐབས་སུ་ནག་པོའི་ཆ་རྣམས་ཡོངས་ཟད་ནས་དཀར་པོའི་ཆ་གཅིག་པུ་ཚང་མས་དགའ་མོས་བྱེད་ས་ཟླ་བ་ཧྲིལ་པོ་དེ་མཐོང་གི་ཡོད།
གང་ལྟར་ཀྱང་མདོར་ན། སྒོ་གསུམ་དང་སྤྱོད་ལམ་དུས་དང་རྣམ་པ་ཀུན་ཏུ་རང་རྒྱུད་ལ་ཆགས་སོགས་ཉོན་མོངས་ཀྱི་བློ་སྐྱེས་མ་ཐག་ཏུ་དྲན་ཤེས་ཀྱིས་ངོས་ཟིན་པར་བྱེད་ནས་དེ་ཉིད་ལ་གཉེན་པོ་སྟོང་ཉིད་ཀྱི་ལྟ་བ་རིག་པའི་ཡེ་ཤེས་ཀྱིས་ངང་དུ་གྲོལ་ཐུབ་དགོས།

བཞི་པ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།
གོང་གི་ལམ་འཁྲུལ་པ་སེལ་བ་དང་སྐབས་འདིའི་འཁྲུལ་པ་ཡེ་ཤེས་སུ་འཆར་བ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣལ་འབྱོར་པ་རང་ཉིད་ཀྱི་ཉམས་སུ་ལེན་སྟང་གི་ཁྱད་པར་ཡིན། གཉིས་ཀ་ལས་བསལ་རྒྱུའི་འཁྲུལ་པ་གཅིག་པ་ཡིན་ཀྱང་ཚིག་རྐང་གསུམ་པའི་སྐབས་སུ་ཉོན་མོངས་སམ་འཁྲུལ་པའི་གཉེན་པོར་ལམ་དམ་པའི་ཆོས་ཀྱི་ནུས་པས་སྤངས་བྱ་དང་གཉེན་པོའི་ཚུལ་དུ་རིམ་གྱིས་ཉམས་ལེན་ཇི་ཙམ་ཤུགས་ཆེ་བ་དེ་ཙམ་གྱིས་ཉོན་མོངས་རྣམས་སྤངས་ཀྱི་ཡོད། དཔེར་ན། ལས་དང་པོ་པའི་སྐབས་སུ་ཉོན་མོངས་ལ་འཐབ་པ་དང་། རིམ་གྱིས་ཉོན་མོངས་མགོ་གནོན་པ། མཐར་ཉོན་མོངས་རྩད་ནས་བཅད་པ་སོགས་གང་ཟག་རང་ཉིད་ཀྱི་སྒོམ་སྟོབས་ལམ་ལ་བརྟེན་ནས་འབྲས་བུ་ཡང་དེ་ལྟར་དུ་ཡོང་གི་ཡོད།
སྐབས་འདིའི་འཁྲུལ་པ་ཡེ་ཤེས་སུ་འཆར་ཞེས་པ་འདི་གང་ཟག་སོ་སྐྱེ་ལས་དང་པོའི་ངོ་ལ་མ་ཡིན་པར་སྒོམ་སྟོབས་གོམས་པ་མཐར་ཕྱིན་པ་རྣལ་འབྱོར་པའི་ངོ་སྐལ་དུ་ཡིན། སྤྱིར་གཏང་བྱས་ན་འཁྲུལ་པ་དང་ཡེ་ཤེས་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅམ་ལས་དོན་དུ་ཡེ་ཤེས་ལས་ལོགས་སུ་གྱུར་པའི་འཁྲུལ་པ་ཞིག་མེད་ལ། འཁྲུལ་པ་ཉིད་ཀྱང་ཡེ་ཤེས་ཀྱི་རྩལ་དང་རོལ་པ་ཙམ་ཡིན། མ་རིག་པ་སོ་སྐྱེའི་ངོ་ལ་འཁྲུལ་པ་སྣང་ཞིང་། རིག་པ་འཕགས་པའི་ངོ་བོར་ཡེ་ཤེས་སྣང་གི་ཡོད།
མདོར་ན་རིག་ན་སངས་རྒྱས་དང་མ་རིག་སེམས་ཅན་ཟེར་བ་ལྟར་སེམས་ཅན་རྣམས་མ་རིག་པའི་དབང་གིས་འཁྲུལ་པའི་རྗེས་སུ་འབྲངས་ཞིང་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་ཞིང་། སངས་རྒྱས་ནི་རིག་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲངས་ནས་ཐར་པ་ཐོབ་ཅིང་བདེ་བ་རྙེད་པ་རེད།
ཡིན་ན་ཡང་དངོས་གནས་མཉམ་བཞག་བྱེད་བཞིན་པའི་སྐབས་སུ་ད་ལྟའི་སེམས་ཀྱི་རྣམ་རྟོག་གི་འཁྲུལ་སྣང་འདི་ཉིད་བཀག་མི་དགོས། བཀག་ཀྱང་བཀག་མི་ཐུབ། དེ་བཞིན་དུ་རྣམ་རྟོག་གི་རྗེས་སུ་ཡང་འབྲངས་མི་དགོས། རྗེས་སུ་འབྲངས་ན་ལམ་ནོར་བ་ཡིན། རྣམ་རྟོག་གང་ཤར་བའི་ངོ་བོ་དེ་ཉིད་ལ་གཅེར་གྱིས་ལྟས་ན་རང་སར་གྲོལ་འགྲོ་བ་ནི་རྣམ་རྟོག་གི་ཆོས་ཉིད་ཡིན། དྲན་ཤེས་ཀྱི་རིག་པས་ངོས་ཟིན་ན་རྣམ་རྟོག་ཉིད་ཀྱང་ཤར་གྲོལ་དུས་མཉམ་ཡོང་། དཔེར་ན། རྒྱ་མཚོ་ལས་རྦ་རླབ་འཕྱུར་བ་ལྟར་ཡིན། རྦ་རླབ་དང་རྒྱ་མཚོ་གཉིས་ངོ་བོ་ཆུ་ཡིན་པ་ལ་གཅིག་པ་ཡིན་ཀྱང་བྱེད་ལས་ཀྱི་དབང་གིས་ཐ་དད་དུ་སྣང་གི་ཡོད། རྣམ་རྟོག་དང་ཡེ་ཤེས་གཉིས་ངོ་བོ་གཅིག་པ་ཡིན་ཀྱང་སེམས་འདི་ཉིད་ཀྱི་ངོར་འཆར་ཚུལ་ལ་ཐ་དད་སྣང་གི་ཡོད།
གང་ལྟར་ཀྱང་རྣམ་རྟོག་འདི་ལ་དྲན་པ་དང་ཤེས་བཞིན་དེ་ཉིད་ལ་རིག་པས་ངོས་ཟིན་ན་རྣམ་རྟོག་ཉིད་སྒོམ་གྱི་གྲོགས་སུ་འགྱུར་བ་ཡིན། རྣམ་རྟོག་མེད་ན་སྒོམ་ལ་རྩལ་རྫོགས་ནས་རིམ་གྱིས་འཕགས་པའི་གོ་འཕང་ཐོབ་རྒྱུ་མེད། རྣམ་རྟོག་ཇི་ཙམ་ཡོད་པ་དེ་ཙམ་གྱིས་སྒོམ་དེ་གོང་འཕེལ་དུ་འགྲོ་རྒྱུ་ཡོད། དཔེར་ན། ཕ་རོལ་པོའི་དགྲ་བོ་མེད་ན་རང་ལ་རྒྱལ་ཁ་ཐོབ་རྒྱུ་མེད་ལྟར་ཡིན།
ཕྱག་རྒྱ་ཆེན་པོའི་སྐབས་སུ་རྣམ་རྟོག་ངོ་བོ་ཆོས་སྐུ་ཡིན་གསུངས་པ་རྒྱུ་མཚན་དེ་ལྟར་རེད། ཡང་ཕྱག་ཆེན་མན་ངག་འགའ་ཤས་སུ། རྣམ་རྟོག་མང་ན་སྒོམ་མང་། རྣམ་རྟོག་ཉུང་ན་སྒོམ་ཉུང་ཞེས་གསུངས་ཡོད།
གང་ལྟར་ཀྱང་དེ་རྣམས་རྣམ་རྟོག་ཇི་ལྟར་སྒོམ་གྱི་ངོ་བོར་ཁྱེར་ཤེས་མཁན་རྣལ་འབྱོར་པ་ཞིག་གི་ངོ་ལ་གསུངས་པ་ལས་སོ་སོའི་སྐྱེ་བོའི་ད་ལྟའི་ཉོན་མོངས་དུག་གསུམ་གྱི་རྣམ་རྟོག་རང་ཁ་མ་འདི་ཡག་པོ་ཡིན་གསུངས་པ་མ་རེད། ཉོན་མོངས་ཀྱི་རྣམ་རྟོག་ཉིད་མ་སྤངས་རང་གྲོལ་གྱི་གདམས་ངག་ཉམས་སུ་ལེན་ཤེས་ན་གང་ཟག་དེ་ཉིད་ལ་རྣམ་རྟོག་གིས་མི་གནོད་པ་མ་ཟད་སྒོམ་གྱི་གྲོགས་སུ་ཤར་བ་རེད།
ཉོན་མོངས་གང་ཤར་ཀྱང་སེམས་ཡུལ་གྱི་རྗེས་སུ་མ་འབྲངས་བར་ཉོན་མོངས་ཤར་མཁན་གོ་རང་གི་ངོ་བོར་རིག་པའི་ཡེ་ཤེས་ཀྱིས་ལྟས་ན་ཉོན་མོངས་རང་སར་གྲོལ་བ་རེད། སྐབས་དེའི་ཉོན་མོངས་དེ་ཉིད་ཀྱིས་ཁྱོད་རང་གི་སེམས་ལ་གནོད་མི་ཐུབ་པ་རེད། གང་ཡིན་ཟེར་ན་དྲན་པ་རིག་པའི་ཡེ་ཤེས་ཀྱིས་ཟིན་པ་རེད། འཁྲུལ་པ་དེ་ཉིད་རིག་པའི་ཡེ་ཤེས་ཀྱིས་དེ་མ་ཐག་ཏུ་ངོས་ཟིན་པ་ན་དེ་ལ་འཁྲུལ་པ་ཡེ་ཤེས་སུ་འཆར་ཟེར་བ་དེ་རེད།
སྒམ་པོ་པའི་ཆོས་བཞི་འདི་ཉིད་ལ་ཕྱག་ཆེན་རྣལ་འབྱོར་བཞི་རིམ། རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད། སྔགས་ཀྱི་སྐབས་སུ་ལམ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་བཅས་ལ་སྦྱར་ནས་འཆད་ཚུལ་མང་པོ་ཡོད་ཀྱང་དེ་རིང་ཡི་གེ་མང་དུ་དོགས་ནས་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་སོ།
དཔལ་མཉམ་མེད་དྭགས་པོ་ལྷ་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱི་ཐུགས་དམ་གྱི་ཡང་སྙིང་དྭགས་པོའི་ཆོས་བཞི་ཞེས་པ་འདི་ཉིད་བརྗོད་བྱའི་དོན་ཟབ་ལ་རྒྱ་ཆེ་ཞིང་། ཚིག་ཉུང་ལ་དོན་འདུས་པ། བྱིན་རླབས་ཀྱི་ཚན་ཁ་ཧ་ཅང་ཆེ་བ་འདི་ཉིད་ལ་མོས་པ་ཅན་མཁན་པོ་ཀར་བསྟན་ནས་རང་འདྲའི་ལམ་ཞུགས་ཕྱི་རྒྱལ་བའི་ནང་པ་གསར་བུ་པ་རྣམས་ལ་ཕན་ཕྱིར་ཡིག་རིགས་གཞན་ལ་བསྒྱུར་བདེ་བའི་ཆེད་དུ་གཞུང་ལུགས་ཀྱི་ལུང་ཚིག་གིས་མ་རྒྱན་པར་ཕལ་སྐད་དུ་གོ་བདེ་བའི་ཆེད་དུ་དགེ་སྦྱོར་གྱི་ཐུན་མཚམས་སུ་5’28’2019 བྲིས་པས་དགེ་བས་འགྲོ་བ་སེམས་ཅན་རྣམས་ཀྱི་རྒྱུད་ལ་མཉམ་མེད་དྭགས་པོའི་ཆོས་བཞིའི་བྱིན་བརླབ་འཇུག་པར་གྱུར་ཅིག། སརྦ་མངྒ་ལམ། དགེའོ།

{ལས་བྲེལ་གྱིས་ཉིན་ཐོ་འདི་ཞུ་དག་ཚད་ལྡན་བྱེད་ཁོམ་མ་བྱུང་བས་ཡིག་ནོར་ལ་བཟོད་གསོལ་ཞུ། }