Tuesday, May 14, 2024

དབང་འདུས་ལགས་དང་ལྷན་དུ་ཁ་བརྡ་བྱས་པའི་ཉིན་ཐོ།


དེ་རིང་གི་ཉིན་ཐོ་རུ་ང་ཡི་གྲོགས་པོ་དབང་འདུས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ཁོང་ནི་ནེའུ་ཡོག་གྲོང་ཁྱེར་དུ་བཞུགས་པའི་བོད་པ་ཞིག་ཡིན་ཞིང་། འབྲས་ནད་ཚབས་ཆེན་གྱིས་ཡུན་རིང་མནར་ཏེ་འཆི་ལ་ཉེ། ཐ་ན་གནས་སྟངས་འདི་འདྲའི་འོག་ཏུའང་། ཁོང་ལ་བདེ་སྐྱིད་དང་། ཞི་བདེ། དྲིན་ཤེས་བཅས་ཀྱི་སེམས་ཚོར་ལྡན་ཞིང་ད་དུང་འཆི་བར་གྲ་སྒྲིག་ཨང་གསར་ཡོད། ཁོང་གིས་ད་རེས་འཆི་བ་ལ་འཛིན་པའི་ལྟ་སྟངས་འདི་ནི། རང་ཉིད་ཙམ་མ་ཟད་གཞན་དག་ལའང་དཔེ་མཚོན་བཟང་པོ་ཞིག་ཡིན་ཏེ། འཆི་བའི་སྐབས་སུ་མི་རྟག་པའི་རང་བཞིན་ལ་བསམ་གཞིག་བྱེད་པ་དང་དམ་པའི་ཆོས་ཀྱི་གལ་ཆེན་རང་བཞིན་བསྟན་ཡོད། མི་རྟག་པའི་རང་བཞིན་ལ་བསམ་གཞིག་བྱས་ན། འཆི་བ་ལ་ཞི་བདེ་དང་སྐྱེ་བ་བཟང་པོ་ཞིག་ལེན་ཐུབ། ངས་སྒོམ་གྱི་སྙིང་པོ་མི་རྟག་པ་ཞེས་པའི་ཉིན་ཐོའི་ནང་དུ་དེའི་སྐོར་རྒྱས་པར་བྲིས་ཡོད།
མི་རྟག་པ་སྒོམ་པ་ལ་ཕན་ཡོན་ཤིན་ཏུ་མང་པོ་ཡོད་ཀྱང་། མི་རྟག་པ་སྒོམ་པ་ནི་འཆི་བའི་གྲ་སྒྲིག་ངོ་མ་དེ་ཡིན་ལ། འཆི་བ་ནི་བདེ་བ་དང་། ཞི་བ། འཇིགས་སྣང་མེད་པ་བཅས་ཡིན། ང་ཚོའི་གནས་སྟངས་ཅི་ཞིག་ཡིན་མིན་ལ་མ་ལྟོས་པར་འཆི་བ་ཕྱི་བཤོལ་བྱེད་ཐབས་ཤིག་མེད། མི་ཚང་མས་འཆི་བའི་ལམ་དུ་འཇུག་དགོས་ཤིང་། ནང་པའི་གཞུང་དུ་ང་ཚོ་མའི་མངལ་ནས་སྐྱེས་མ་ཐག་ཏུ་འཆི་བ་རང་བཞིན་གྱིས་ང་ཚོ་དང་ལྷན་དུ་ཡོད་པར་གསུངས་ཡོད། དཔེར་ན། ལུས་དང་དེའི་གྲིབ་མ་ལྟ་བུ་རེད། ང་ཚོ་ནམ་འཆི་ཆ་མེད་ཡིན་ཞིང་། འཆི་རྐྱེན་ཅི་ཞིག་གིས་བསྐྱེད་མིན་ལ་ངེས་པ་ཅི་ཡང་མེད། འཆི་བའི་སྐབས་སུ་དམ་པའི་ཆོས་མ་གཏོགས་ཅི་ཞིག་གིས་ཀྱང་ཕན་མི་ཐོགས། ང་ཚོས་ད་ལྟ་ནས་འཆི་བ་སྒོམ་པ་ཡིན་ན། གློ་བུར་དུ་འཆི་བ་བཙན་ཐབས་སུ་ཡོང་བའི་སྐབས་སུ་དེའི་ཕྱོགས་སུ་འཇིགས་སྣང་དང་སེམས་ཁྲལ་ཉུང་དུ་འགྲོ་རྒྱུ་རེད།

༡ དབང་འདུས་ལགས་དང་ལྷན་ཉིན་དང་པོའི་ཁ་བརྡ།

ཉིན་འདིའི་ཞོགས་པར་ནེའུ་ཡོག་གྲོང་ཁྱེར་ནས་ཡིན་པའི་བོད་པའི་་ཨ་མ་ཞིག་ནས་ཁ་པར་འབྱོར་བྱུང་། ཁོ་མོའི་བཟའ་ཟླ་སྨན་ཁང་ནང་དུ་ཡོད་པས་སྨོན་ལམ་འདེབས་དགོས་ཀྱི་འདུག ཅེས་བརྗོད་བྱུང་། སྨན་ཁང་དུ་ཡོད་པའི་ཁོ་མོའི་བཟའ་ཟླ་ལ་བཅོས་སུ་མེད་པའི་འབྲས་ནད་ཚབས་ཆེན་ཞིག་ཕོག་ཡོད་སྐད་འདུག དེ་ནས་ཨ་མས་ཁ་པར་ནད་པའི་ལག་ཏུ་བཞག་་བྱུང་བས་ངས་ཁོང་ལ་དབང་འདུས་ཁྱེད་རང་བདེ་པོ་ཡིན་ནམ་ཞེས་དྲིས་སྐབས། ཁོང་གིས་ཞལ་འཛུམ་དམུལ་དམུལ་དང་ཕྱག་ཟུང་ཐལ་མོ་སྦྱར་ཏེ། སྨན་ཁང་གི་ཉལ་ཁྲིའི་སྟེང་ནས་འདི་ལྟར་གསུངས་བྱུང་། མཁན་རིན་པོ་ཆེ་ལགས། ང་བདེ་པོ་ཡིན། ང་སྐྱིད་པོ་འདུག ཅེས་གསུངས་བྱུང་། ངས་ཁོང་གི་ནད་གཞི་ནི་དྲག་སྐྱེད་མི་ཡོང་བའི་འབྲས་ནད་ཚབས་ཆེན་ཞིག་ཡིན་པ་དང་། སྨན་པས་ཁོང་ལ་ད་དུང་གཟའ་འཁོར་གཅིག་ལས་ཚེ་ལྷག་མི་འདུག ཅེས་བཤད་པ་གོ་མྱོང་། དེ་ནས་ཁོང་གིས་སེམས་གུ་ཡངས་པོ་དང་། འཇིགས་སྣང་ཅི་ཡང་མེད་པར་འདི་ལྟར་གསུངས་བྱུང་། མཁན་རིན་པོ་ཆེ་ལགས། ང་ལ་འབྲས་ནད་ཕོག་ནས་ཡུན་རིང་ཕྱིན་འདུག ད་ཆ་ང་གསོན་པོར་གནས་པར་གཟའ་འཁོར་གཅིག་ལས་མ་གཏོགས་ཡོད་མ་རེད། ཡིན་ནའང་ང་འཆི་བ་ལ་འཇིགས་སྐྲག་ཡོང་གི་མི་འདུག་ཟེར། དབང་འདུས་ཀྱི་ཞལ་ནས་གསུངས་པའི་གནས་ཚུལ་འདི་དངོས་སུ་མཐོང་ཐོས་བྱུང་བས་ང་ཧང་སང་བྱུང་། དེ་ནས་ངས་ཁོང་ལ་ཉིན་རེའི་ཆོས་ཉམས་ལེན་གང་དང་གང་བྱེད་ཀྱི་ཡོད་མེད་སྐད་ཆ་སྐོར་དྲིས་པ་ཡིན། ཁོང་གིས་འདས་པའི་ལོ་ངོ་གསུམ་གྱི་རིང་ལ་ཁོང་རང་ཁྱིམ་དུ་བཞུགས་སྐབས་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་དེ་ཉིན་རེ་བཞིན་ཀློག་ནས་བསམ་བློ་དེའི་སྐོར་ལ་དཔྱད་སྒོམ་མང་པོར་བྱས་པ་ཡིན་ཅེས་གསུངས་བྱུང་། ཁོང་འཆི་བར་མི་སྐྲག་པ་ནི་ཁོང་གི་ཞལ་རས་ནས་གསལ་པོར་མཐོང་ཐུབ། དེ་ནས་ངས་ཀུ་རེའི་ཚུལ་དུ་ཁོང་ལ་ཁྱེད་ཀྱི་སྐུ་ཚེའི་ལྷག་མ་བདུན་ཕྲག་གཅིག་ལས་ལྷག་མེད། ད་ཁྱེད་ཀྱིས་ཅི་ཞིག་དགོངས་ཀྱི་འདུག ཅེས་དྲིས་པ་ཡིན། ཁོང་གིས་འཛུམ་དམུལ་དམུལ་གྱིས་གསུང་རྒྱུར། ང་རང་ལ་ཚོར་སྣང་ཡག་པོ་འདུག ཁྱེད་དང་མཇལ་བས་ཧ་ཅང་དགའ་པོ་བྱུང་། ངོས་ལ་དགེ་བའི་བཤེས་གཉེན་དང་། མཁན་པོ། བླ་མ་སོགས་ཆོས་གྲོགས་མང་པོ་ཡོད། ཁོང་ཚོས་ངོས་ལ་འབྲེལ་ལམ་གནང་གི་འདུག ། སྐྱབས་སུ་མཆི། མཁན་རིན་པོ་ཆེ། ངོས་འཆི་བར་མི་སྐྲག་ཅེས་གསུངས་བྱུང་། དེ་ནས་ཁོང་གིས་བསྐྱར་ཟློས་ཀྱིས་གསུང་རྒྱུར།

རྗེ་བཙུན་མི་ལའི་ཞལ་ནས།

ང་འཆི་བས་འཇིགས་ནས་རི་ལ་ཕྱིན། ། ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །
འཆི་མེད་གཉུག་མའི་བཙན་ས་ཟིན་། ། ད་འཆི་བའི་འཇིགས་པ་དེ་བོར་དེ་ཐལ། །
དབང་འདུས་ཀྱིས་རྗེ་བཙུན་མི་ལའི་གསུང་དེ་ཚོ་ཚིག་གཅིག་ཀྱང་མ་ལུས་པར་སྐྱོར་ཞིང་། ཟུར་ནས་ཁོང་གི་བཟའ་ཟླའི་མིག་ཟུང་གཉིས་ནས་མིག་ཆུས་ཡོངས་སུ་གང་། ནད་པ་དབང་འདུས་ཀྱིས་མོའི་ཕྱོགས་སུ་ཁ་འཁོར་ནས་སེམས་གསོ་བྱེད་འགོ་བཙུགས། སྐབས་དེར། ངའི་སེམས་ནང་། འཆི་ངེས་པའི་མི་ཞིག་ལ་འདི་ལས་སྐྱིད་པ་ཞིག་ཨི་ཡོད་ན་སྙམ། ངས་སྔོན་མ་བྲིས་པའི་སྒོམ་གྱི་སྙིང་པོ་མི་རྟག་པ་ཡིན་ཅེས་པའི་ཉིན་ཐོའི་ནང་དུ་བཤད་པ་བཞིན།

"ང་ཚོས་ཆོས་ཉམས་སུ་ལེན་པའི་གོ་སྐབས་ཤིག་ཐོབ་ན། ང་ཚོས་ཆོས་དེ་ཉམས་སུ་ལེན་པའི་ནུས་པ་དེ་གོང་འཕེལ་དུ་གཏོང་ཐུབ། ང་ཚོ་མི་མང་པོ་ཞིག་གིས་ནམ་རྒྱུན་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ལ་ཡིད་ཆེས་མེད་པའི་རྒྱུ་མཚན་གྱིས་ང་ལ་ཆོས་མི་དགོས་ཞེས་བཤད་ཀྱི་ཡོད། འོན་ཀྱང་། ནང་པའི་ཆོས་འདི་དང་། ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ཀྱིས་ང་ཚོ་ཚེ་ཕྱི་མའི་དཀའ་ངལ་ལས་སྐྱོབ་ཐུབ་པར་མ་ཟད། ཚེ་འདིའི་དཀའ་ངལ་ལས་ཀྱང་སྐྱོབ་ཐུབ། ཆོས་འདིས་ང་ཚོ་ལོ་ན་རྒས་པའི་སྐབས་སུ་ཁེར་རྐྱང་གི་སྡུག་བསྔལ་ལས་ཀྱང་སྐྱོབ་ཐུབ་པ་ངེས་གཏན་ཡིན། ང་ཚོ་འགྲོ་བ་མིའི་རྒྱུད་ལ་དཀའ་ངལ་མང་པོ་ཞིག་ཡོད་ནའང་། གཙོ་བོ་ནི་འཆི་བའི་འཇིགས་སྣང་གི་སྡུག་བསྔལ་དེ་ཡིན། གལ་སྲིད་ང་ཚོས་མི་རྟག་པའི་རང་བཞིན་དངོས་དེ་བསྒོམས་ནས་རང་གི་བསམ་བློ་གཏོང་ཚུལ་ལ་འགྱུར་བ་བཏང་ན། འཇིགས་སྣང་དང་ཞེན་ཆགས་ཅི་ཡང་མེད་པར་འཆི་ཐུབ།" ངས་སྔོན་མའི་མི་རྟག་པ་སྒོམ་པའི་སྙིང་པོ་ཞེས་པའི་རྩོམ་ཡིག་གི་ནང་དུ་བཤད་པ་ལྟར།

"མི་རྟག་པ་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་སོགས་པ་རྟག་ཏུ་སྒོམ་མཁན་ཞིག་ཡིན་ན། ཐ་ན་ཚེ་འདིར་ཆོས་ཁས་ལེན་མ་བྱས་ཀྱང་། སྡུག་བསྔལ་དང་དཀའ་ངལ་ལ་འཕྲད་སྐབས་དེ་དག་ལ་གདོང་ལེན་བྱེད་ཐུབ་ཅིང་། སེམས་པ་ལྷོད་ལ་བབས་ནས་སྙིང་སྟོབས་ཆེ་རུ་འགྲོ་ཞིང་། ནང་སེམས་ཀྱི་མཁྲེགས་འཛིན་ཇེ་ཆེར་སོང་ནས་བློ་རྒྱ་ཇེ་ཆེར་འགྲོ་ཐུབ། དེས་ཚེ་འདིར་ཕན་ཐོགས་ཆེན་པོ་ཞིག་འབྱུང་གི་ཡོད། ༸གོང་ས་མཆོག་གི་སྒོམ་གྱི་གཙོ་བོ་གསུམ་ནི། མི་རྟག་པ་དང་། བདག་མེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་རེད། ཁོང་གིས་ཉིན་རེར་མ་མཐར་ཡང་བདག་མེད་དང་མི་རྟག་པ་ཐེངས་བཅུ་དྲུག་ལ་སྒོམ་བཞིན་ཡོད་གསུངས། མི་རྟག་པ་ཡང་ཡང་བསྒོམས་ན་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཞིག་འབྱུང་རྒྱུ་རེད།"

ད་རེས་དབང་འདུས་ཁོང་ལ་འཆི་བ་ལ་གྲ་སྒྲིག་ཨང་གསར་ཡོད་པ་མ་ཟད་དང་འཆི་བ་ལ་འཇིགས་སྣང་མེད་པས་ངས་ཁོང་ལ་སྐྱབས་སྨོན་ལམ་འདྲ་འདོན་དགོས་པ་ཆེར་མེད་ཀྱང་། ཁོང་གི་བཟའ་ཟླས་ཡང་ནས་རེ་སྐུལ་བྱས་པ་ལྟར་ངས་སངས་རྒྱས་འོད་དཔག་མེད་ཀྱི་མཚན་སྔགས་དང་སྨོན་ལམ་སོགས་གང་ཤེས་བཏོན་པ་ཡིན། ཁོང་ནི་སྐུ་ཚེའི་སྟོད་ལ་གྲྭ་པ་ཞིག་ཡིན་ཞིང་། ནང་ཆོས་དང་ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་ལ་སྦྱོང་བརྡར་ཚད་མཐོན་པོ་གནང་ཡོད།

2 དབང་འདུས་ལགས་དང་ལྷན་ཉིན་གཉིས་པའི་ཁ་བརྡ།

ཉིན་དེའི་ཞོགས་པར་ངས་ཁོང་གི་བཟའ་ཟླར་ཁ་པར་བཏང་བ་ཡིན། མོས་དབང་འདུས་ལགས་ད་དུང་སྨན་ཁང་ནང་དུ་ཡོད་ཀྱང་ནད་གཞི་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ཟས་ཟ་མི་ཐུབ་ཟེར། ཁོང་སང་ཉིན་ནས་བཟུང་རང་ཁྱིམ་གཏོང་གི་རེད་ཟེར། གང་ལྟར་ཡང་སྨན་པས་དབང་འདུས་ལ་སྨན་བཅོས་ཇི་ཙམ་བྱས་ཀྱང་ཕན་ཐོགས་མེད་ཟེར་སྐད་འདུག། དེ་ནས་ཁོང་གི་བཟའ་ཟླས་ཁ་པར་དབང་འདུས་ལ་སྤྲད་པ་དང་ངས་ཁོང་ལ་ཁམས་བདེ་དྲིས་པ་ཡིན། ངས་དབང་འདུས་ད་ལྟ་ཁམས་བདེ་པོ་འདུག གམ་ཞེས་དྲིས་པར། ཁོང་གིས་ངག་འཇམ་པོས། མཁན་རིན་པོ་ཆེ། ངས་མགོན་པོ་འོད་དཔག་མེད་ཀྱི་གཟུངས་སྔགས་ཟློ་བཞིན་ཡོད། ང་སྐྱིད་པོ་འདུག ཅེས་གསུངས།

ངས་ཁོང་ལ་དེ་ཧ་ཅང་ཡག་པོ་འདུག སངས་རྒྱས་འོད་དཔག་མེད་དང་༸རྒྱལ་བ་རིན་པོ་ཆེ་ཁོང་གཉིས་ངོ་བོ་དབྱེར་མེད་དུ་བསྒོམས་ནས་རང་གི་སྤྱི་གཙུག་ཏུ་དམིགས་ཏེ་གསོལ་བ་ཐོབ་དང་། ཁྱེད་རང་འཆི་དུས་སངས་རྒྱས་འོད་དཔག་མེད་ཀྱིས་ཁྱེད་རང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་འཁྲིད་རྒྱུ་ཡིན་པ་ངེས་གཏན་རེད། ད་དུང་ཁྱེད་ཀྱིས་སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་སྔགས་བགྲང་བཞིན་དག་པའི་ཞིང་ཁམས་བདེ་བ་ཅན་དུ་འགྲོ་རྒྱུ་ཡིན་སྙམ་པའི་སྨོན་ལམ་ཤུགས་དྲག་འདེབས་དགོས། ངས་ཁྱེད་ཀྱི་ཆེད་དུ་རྟག་ཏུ་སྨོན་ལམ་འདེབས་རྒྱུ་ཡིན། ཞེས་བཤད་པ་ཡིན།

དབང་འདུས་ཀྱིས་ངོས་ལ་འདི་ལྟར་བཤད་བྱུང་། མཁན་རིན་པོ་ཆེ་ལགས། ངེད་བཟའ་མི་གཉིས་ལ་ཁྱེད་བཀའ་དྲིན་ཤིན་ཏུ་ཆེ། ང་རང་གི་མི་ཚེར་བོད་ཀྱི་བླ་མ་རྩ་ཆེན་མང་པོ་དང་མཇལ་རྒྱུ་བྱུང་བ་དང་། དེ་དག་གི་ཁྲོད་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གཙོ་བོར་གྱུར་པའི་བླ་མ་རྣམས་ཀྱི་མདུན་ནས་དབང་ཁྲིད་མང་པོ་ཐོབ་དེ་ནི་ང་རང་གི་བསོད་ནམས་ཆེན་པོ་ཡིན། ངས་མི་ཚེའི་སྟོད་ལ་ནང་པའི་གཞུང་ལ་སློབ་སྦྱོང་ཏོག་ཙམ་བྱས་ཏེ་དེ་དག་གི་གོ་བ་དང་ངེས་པ་ཅུང་ཟད་རེ་རྙེད་ཡོད། ད་ལྟ་ང་རང་གི་བཟའ་ཟླ་དང་བུ་ཕྲུག་ཚོས་ང་ལ་ལྟ་རྟོག་ཡག་པོ་བྱེད་བཞིན་ཡོད། ཁོང་ཚོ་ནི་ངོས་ལ་བཀའ་དྲིན་ཤིན་ཏུ་ཆེ། མཁན་རིན་པོ་ཆེ་དང་ཁྱེད་ཅག་ངའི་ཆོས་གྲོགས་དང་། བླ་མ་དང་དགེ་བཤེས་རྣམ་པས་ངོས་ལ་བཀའ་དྲིན་ཆེན་པོ་གནང་སྟེ་ཉིན་རེ་བཞིན་བསླབ་བྱ་གནང་བྱུང་། ང་རང་ནི་དངོས་གནས་བསོད་ནམས་ཆེན་པོ་ཡིན། ང་ཚོ་ཚང་མ་འཆི་དགོས་པ་རེད། ད་ནི་ང་རང་འཆི་བའི་དུས་ཚོད་སླེབས་འདུག ང་རང་འཆི་བ་ལ་ཞེད་ཀྱི་མི་འདུག མཁན་རིན་པོ་ཆེ་ལགས། ཁྱེད་ནས་མཚམས་རེར་ང་རང་གི་བཟའ་ཟླར་སེམས་གསོ་དང་བསླབ་བྱ་ཕྲན་བུ་རེ་གནང་རོགས། ང་རང་གི་ཆེད་དུ་སེམས་ཁྲལ་མ་གནང་རོགས་ཞེས་ཟེར།

3 དབང་འདུས་ལགས་དང་ལྷན་ཉིན་གསུམ་པའི་ཁ་བརྡ།

ཞོགས་པ་ང་ལ་ནེའུ་ཡོག་ལ་་ཡོད་པའི་དབང་འདུས་ཀྱི་བཟའ་ཟླ་་ནས་ཁ་པར་བཏང་། མོས་ཟེར་ན་དེ་རིང་དབང་འདུས་ཅུང་ཟད་དྲག་སྐྱེད་འགྲོ་བཞིན་འདུག ཅེས་བཤད་སོང་། ངས་སྐད་ཆ་དེ་གོ་དུས་ཡུན་རིང་ནད་པ་འཆི་ཁ་བློ་བུར་དུ་དྲག་སྐྱེད་འགྲོ་བ་དེ་འཆི་ཁའི་ངལ་གསོ་ཡིན་ཞེས་པའི་བོད་ཀྱི་གཏམ་དཔེ་དེ་དྲན་བྱུང་། དེ་ནས་མོས་དབང་འདུས་ལ་ཁ་པར་སྤྲད་དེ་ཁོང་དང་སྐད་ཆ་བཤད་པ་ཡིན། ངས་དབང་འདུས་དེ་རིང་ག་འདྲ་འདུག ངས་བལྟས་ན་ཁྱེད་རང་ཁ་སང་ལས་ཏོག་ཙམ་དྲག་སྐྱེད་འགྲོ་བཞིན་ཡོད་ས་རེད་ཅེས་བཤད་པ་ཡིན། ཁོང་གིས་འཛུམ་དམུལ་དམུལ་གྱིས་ལན་འདི་ལྟར་གནང་། རེད་མཁན་རིན་པོ་ཆེ་དེ་རིང་ང་དྲག་སྐྱེད་འགྲོ་བཞིན་འདུག སེམས་པ་ཡང་སྐྱིད་པོ་འདུག་ཟེར། ཟུར་ནས་བཟའ་ཟླས་འདི་ལྟར་ཟེར། དབང་འདུས་ཀྱིས་དེ་རིང་ཞོགས་པར་རྩམ་ཐུག་ཧ་ཅང་མང་པོ་་འཐུང་སོང་། མ་ཟད་ཁ་ལག་གཞན་དག་མང་པོ་ཟ་སོང་ཟེར། ལར་དབང་འདུས་ནི་དུས་རྒྱུན་ནས་རྩམ་པ་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད་རེད་ཟེར།
དེ་ནས་དབང་འདུས་ཅུང་ཙམ་དྲག་སྐྱེད་བྱུང་ཞིང་སེམས་ཁམས་གསལ་པོར་གྱུར་པའི་སྐབས་དབང་འདུས་ཀྱིས་འཕོ་བའི་ཁྲིད་དང་། འཕོ་བ་ཇི་ལྟར་འདེབས་དགོས་པའི་རེ་བ་གཏོན། ཁོང་གིས་གསུངས་པ་ལྟར་ད་ལྟ་ཁོང་གི་དབང་པོའི་ནུས་པ་ཤོར་མེད་སྟབས་ངས་ཀྱང་དང་ལེན་བྱས། དབང་འདུས་ཀྱི་རེ་སྐུལ་གནང་བ་བཞིན་ངས་ཀྱང་ཁོང་ལ་འཕོ་བ་འདེབས་པའི་གདམས་ངག་དང་། དམིགས་པའི་གོ་རིམ་དང་ཕན་ཡོན་བཅས་ཇི་ལྟར་ཉམས་སུ་ལེན་དགོས་པའི་འགྲེལ་བཤད་གང་དྲག་བྱས། དེ་ནས་ཁོང་གི་བཟའ་ཟླས་ངས་ཁོང་ལ་ད་ལྟ་འཕོ་བ་བཏབས་ན་འགྲིག་མིན་དྲིས་བྱུང་། དེ་ནས་ངས་དེ་རིང་ཁོང་ཡར་བདེ་རུ་འགྲོ་འདུག་པས་སྔ་དྲགས་འདུག་ཅེས་བཤད། སྤྱིར་བཏང་བླ་མས་འཕོ་བ་འདེབས་པའི་དུས་ཚོད་ནི་ཡང་ན་ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་མཚམས་ཏག་ཏག་ལ་འདེབས་ཀྱི་ཡོད། འོན་ཀྱང་ད་ལྟ་ཁོང་གིས་འཕོ་བའི་ཉམས་ལེན་རང་སྦྱོང་བྱས་ན་འགྲིག་གི་འདུག་ཅེས་བཤད་པ་ཡིན། ཁོང་གཉིས་ཀ་ཧ་ཅང་དགའ་པོ་བྱུང་སོང་།
མཐའ་མ་ངས་དབང་འདུས་ལ་འཆི་བའི་སྐབས་སུ་འཇིགས་སྐྲག་དང་ན་ཚ་ཅི་ཞིག་བྱུང་ན་ཡང་། སངས་རྒྱས་འོད་དཔག་མེད་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ངོ་བོ་འབྱེར་མེད་ཐོག་ནས་སྐྱབས་གནས་སུ་བསྟེན་ནས་གསོལ་འདེབས་བྱེད་དགོས་པའི་ལམ་སྟོན་བྱས། རྒྱུ་ནོར་དང་། ཆུང་མ། ཕྲུ་གུ་སོགས་ལ་ཆགས་སེམས་སྐྱེ་མི་ཉན་པར་བཤད། ཁོང་གིས་མུ་མཐུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་གསོལ་འདེབས་དང་ཉམས་ལེན་གནང་བཞིན་པ་དེར་དགའ་ཚོར་ཆེན་པོ་བྱུང་། ངོས་ཀྱི་ཉིན་ཐོའི་ནང་སྒོམ་གྱི་སྙིང་པོ་མི་རྟག་པའི་སྐོར་བཤད་པ་ལྟར།
ད་ལྟའི་ཤེས་པ་ལས་འཆི་ཁའི་སེམས་བརྒྱ་འགྱུར་གྱིས་རིག་པ་གསལ་བས་དེའི་དུས་སུ་དགེ་མི་དགེའི་སེམས་ཅི་སྐྱེས་ཀྱང་ཤིན་ཏུ་ནས་སྟོབས་ཆེ། འཆི་བའི་སྐབས་སུ་ནོར་རྫས་སོགས་ལ་ཆགས་ཞེན་མི་བྱ་བ་ཅི་ནས་གལ་ཆེ། ཆགས་ཞེན་གྱི་དབང་གིས་་བར་དོར་ཡུན་རིང་པོར་སྡུག་བསྔལ་མྱོང་བ་དང་། ཡི་དྭགས་དང་འདྲེ་སྲིན་སོགས་ལུས་ངན་དུ་སྐྱེ་བའི་རྒྱུ་བྱེད། འཆི་བའི་སྐབས་སུ་དམ་པའི་ཆོས་ལྷག་པ་ཞིག་གཞན་སྐྱབས་གནས་གང་ཡང་མེད་ཅེས་སངས་རྒྱས་ཀྱིས་གསུངས།
དེ་ནས་ངས་དབང་འདུས་ལགས་ལ་ངའི་ཡབ་ཆེན་ཕ་འདས་པོའི་ལོ་རྒྱུས་དང་། ཁོང་ཇི་ལྟར་སྐུ་གཤེགས་པའི་སྐོར་འགྲེལ་བཤད་བྱས་པ་ཡིན། ཁོང་གིས་མཁན་རིན་པོ་ཆེ་ལགས། ཁྱེད་ནི་ང་ཚོ་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ངས་ནམ་རྒྱུན་ཁྱེད་ཀྱི་གསུང་ཆོས་དང་སྒྲ་སྒམ་སོགས་ལ་ཡང་ཡང་ཉན་གྱི་ཡོད་པས་སེམས་ལ་ཧ་ཅང་པས་ཕན་ཐོགས་ཆེན་པོ་བྱུང་། ངས་ཁྱེད་སྐུ་ཚེ་རིང་པོར་གནས་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུངས། ཚེ་རིང་ལགས་ནི་ཟུར་ནས་སྤྱན་ཆབ་བསིལ་བཞིན་བཞུགས། དེ་ནས་སྟབས་མ་ལེགས་པར་ངའི་ལག་འཁྱེར་ཁ་པར་གྱི་གློག་རྫས་རྫོགས་ནས་ངེད་གཉིས་ཀྱི་གླེང་མོལ་མཚམས་ཆད། ངས་སྔོན་མའི་མི་རྟག་པ་སྒོམ་གྱི་སྙིང་པོ་ཞེས་པའི་རྩོམ་ཡིག་གི་ནང་དུ་མཇུག་སྡོམ་འདི་ལྟར་བརྒྱབ་པ་ཡིན།

།ལུས་འདི་མི་རྟག་ཆུ་ནང་སྦུ་བ་འདྲ། །ངག་འདི་མི་རྟག་བྲག་ཅའི་སྒྲ་སྐད་འདྲ།

།།སེམས་འདི་མི་རྟག་ཆུ་ཡི་རྦ་རླབ་འདྲ། གཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ།

།མི་རྟག་པ་ལ་རྟག་པར་འཛིན་པའི་བློ། །ངན་གོམས་བག་ཆགས་འདི་ཡི་དབང་གྱུར་ནས།

།མཐའ་མེད་འཁོར་བར་འཁྱམས་པའི་མ་རྒན་རྣམས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།

།འཆི་ལ་ཕར་ཕར་ཉེ་ཡང་གཞོན་དུ་རློམ། །སང་ཉིན་གསོན་པའི་གདེངས་དང་མི་ལྡན་ཀྱང་།

།ལོ་བརྒྱའི་གྲབ་གཤོམ་བདག་འདྲའི་སེམས་ཅན་རྣམས། །ལམ་གོལ་གཡང་སར་འཁྱམས་རྣམས་སྙིང་རེ་རྗེ།

།ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་དང་། །ཅིས་ཀྱང་ངེས་པར་འཆི་བ་ལ་སོགས་པའི།

།ཕུང་བྱེད་རྟག་འཛིན་མུན་པ་ལས་གྲོལ་ནས། །དམ་ཆོས་ཉི་མའི་འོད་ཀྱིས་འཚོ་བར་ཤོག།

དྲྭ་ཚིགས་འདི་ཡང་སྙིང་ཉེ་བའི་གྲོགས་པོ་དབང་འདུས་ལ་ལ་ནད་གཞི་ཚབས་ཆེན་ཕོག་སྟེ་འཆི་ལ་ཉེ་བའི་སྐབས་སུ། ༢༠༢༤ ལོའི་ཟླ་བ་ལྔ་པའི་ནང་བྲིས་པ་ཞིག་ཡིན། དྲྭ་ཚིགས་འདི་བོད་ཡིག་ཏུ་བཀོད་ཅིང་། རྗེས་སུ་མིས་བཟོས་རིག་ནུས་ལ་བརྟེན་ནས་དབྱིན་ཡིག་ཏུ་ཡང་བསྒྱུར་ཞིང་། ངའི་སློབ་བུ་ཀརྨ་ཆོས་དབྱིངས་ཀྱིས་ལེགས་བཅོས་བྱས་ཡོད།

No comments:

Post a Comment