Friday, July 21, 2023

༅༅།། བྷོ་སི་ཊོན་ཆོས་གྲོགས་རྣམས་ལ་གདམས་པ་སྡུག་བསྔལ་དང་བར་ཆད་ལམ་ཁྱེར་སེམས་ཀྱི་སྨན་ཞེས་བྱ་བ།།

 

སྙིང་ནས་བརྩེ་བའི་ང་ཡི་ཆོས་གྲོགས་བཙོན་པ་རྣམས་ལ་ཚིག་འགའ་ཤས་ཞིག་བཤད་འདོད་བྱུང་། གང་ཡིན་ཟེར་ན་ངོས་ཀྱི་གྲོགས་པོ་ཨེ་ཌི་ནས་ངོ་སྤྲོད་བྱས་པ་ལྟར་ང་ཚོ་ལོ་འགའ་རིང་ཁྱེད་རང་རྣམས་མཇལ་རྒྱུ་བྱུང་བ་མ་ཟད་ཐ་མ་ང་ཚོ་ཕན་ཚུན་གྲོགས་པོར་གྱུར་པ་ལ་ངོས་རང་ཧ་ཅང་ནས་དགའ་བོ་བྱུང་། དེ་རིང་ངས་འདིར་ང་ཡི་རྩ་བའི་བླ་མའི་གནས་སྟངས་དང་འབྲེལ་ནས་རྐྱེན་ངན་བར་ཆད་སོགས་འབྱུང་བའི་སྐབས་སུ་བསམ་བློའི་ཁྱེར་སོ་གང་འདྲ་དགོས་མིན་སྐོར་གང་དྲན་མདོར་བསྡུས་ཙམ་ཞིག་ཞུ་འདོད་བྱུང་།

སྤྱིར་འགྲོ་བ་རྣམས་ལ་སོ་སོའི་ལས་དབང་གིས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཞིག་ཡོད་པ་ནི་ཆོས་ཉིད་ཡིན། དཔེར་ན་དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད་དང་གཅིག་གིས་གཅིག་ཟ་བའི་སྡུག་བསྔལ། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་ལྟུང་བྱེད་སོགས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཞིག་ཡོད། ངན་འགྲོ་གསུམ་གྱི་སྡུག་བསྔལ་ལ་ལྟོས་ན་མི་ཡི་སྡུག་བསྔལ་ནི་དེ་ཙམ་ཆེན་པོ་མིན། ཡིན་ནའང་འགྲོ་བ་གཞན་ལས་ཀྱང་མི་ཡི་སེམས་ཚོར་གྱི་དབང་གིས་རེ་དོགས་ལ་བསྟེན་ནས་སྡུག་བསྔལ་ཧ་ཅང་ཆེ། རེ་དོགས་ཆགས་སྡང་ཇི་ཙམ་ཤུགས་ཆེ་བ་དེ་ཙམ་གྱིས་ཉོན་མོངས་ཤུགས་ཆེ། ཇི་ཙམ་ཉོན་མོངས་ཤུགས་ཆེ་བ་དེ་ཙམ་གྱིས་སྡུག་བསྔལ་ཤུགས་ཆེ། འཁོར་བ་འདིའི་ནང་དུ་འཁྱམས་ནས་བཟུང་སྟེ་སྡུག་བསྔལ་མེད་མཁན་སུ་ཡང་མེད། སྤྱིར་བཏང་མི་མང་པོ་ཞིག་ནས་སྡུག་བསྔལ་ཟེར་དུས་མཐའ་གཅིག་ཏུ་ཡིད་དུ་མི་འོང་བ་དགག་བྱ་སྐྱོན་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དམ་ཆོས་ཚུལ་བཞིན་ཉམས་ལེན་གནང་མཁན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྡུག་བསྔལ་ནི་དང་དུ་བླངས་ཀྱི་ཡོད་པ་ལས་དགག་བྱར་གནང་གི་མེད། སྡུག་བསྔལ་ལའང་ཡོན་ཏན་མང་པོ་ཡོད། དཔེར་ན་རང་ལ་སྡུག་བསྔལ་གྱིས་རྐྱེན་བྱས་ནས་གཞན་ལ་སྙིང་རྗེ་བསྐྱེད་པ་དང་། ལས་ངན་འཛད་པ། འཁོར་བ་ལ་ངེས་འབྱུང་། སྡིག་པ་འཛེམས་པ། རང་རྒྱུད་ཀྱི་ང་རྒྱལ་འཇོམས་པ་སོགས་ཡོན་ཏན་མང་པོ་ཡོད། སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་སྤངས་དགོས། སྡུག་བསྔལ་ནི་ཉོན་མོངས་ལས་བྱུང་། ཉོན་མོངས་ནི་ཚུལ་མིན་ཡིད་བྱེད་ཀྱི་བློ་ལས་བྱུང་། ཚུལ་མིན་ཡིད་བྱེད་ཀྱི་བློ་ནི་མ་རིག་པ་ལས་བྱུང་བས་སྡུག་བསྔལ་གང་ནས་བྱུང་བའི་རྒྱུ་རྣམས་སྤངས་དགོས་པ་ནི་ཧ་ཅང་གལ་ཆེ། སྤྱིར་ལུས་ཚོར་གྱི་སྡུག་བསྔལ་ཅུང་ཟད་ཙམ་གྱིས་སེམས་མ་འཁྲུགས་པ་བྱེད་དགོས། ལུས་ཀྱི་དཀའ་ངལ་ནི་གཞན་དབང་བར་ཆད་དང་གཅིག་བྱས་ན་ལས་ཀྱི་དབང་གིས་འབྱུང་སྲིད། སེམས་ནི་དུས་ནམ་ཁྱེད་རང་ལ་རག་ལས་ཡོད། ངས་དེ་རིང་འདིར་བཤད་བྱའི་ཆོས་དང་འབྲེལ་བ་ཡོད་པ་ང་ཡི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་བཙོན་ཁང་ནང་དུ་བཞུགས་པའི་ལོ་རྒྱུས་མདོར་བསྡུས་ཞིག་བཤད་འདོད་བྱུང་། ༡༩༥༩་ལོའི་ནང་བོད་ཁམས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་འཛིན་མའོ་ནས་དབང་བསྒྱུར་བྱས་ཤིང་སྐབས་དེ་དུས་བོད་ཀྱི་བླ་སྤྲུལ་མང་པོ་ཞིག་ལ་ཉེས་མེད་བཙོན་འཇུག་བྱས། ང་ཡི་རྩ་བའི་བའི་བླ་མ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ཡང་བཙོན་ཁང་དུ་བཅུག། སྐབས་དེ་དུས་བླ་མ་ཡོངས་རྫོགས་བཙོན་པའི་སྡེ་ཚན་ཞིག་བྱས་ནས་མཉམ་དུ་བསྡད། བཙོན་ཁང་ནི་དགོན་པ་ལྟར་བླ་གྲྭ་རྣམས་ཀྱིས་ཡོངས་སུ་ཁེངས། ཡིན་ནའང་ཉིན་ལྟར་རྡུང་བརྡེག་དང་མནར་བཅོད་ཚད་ལས་འདས། བླ་སྤྲུལ་མང་པོ་ཞིག་བཙོན་ཁང་ནང་དུ་མུག་ཤི་ཐེབས།  ང་ཡི་རྩ་བའི་བླ་མ་སྐབས་དེ་དུས་ལོ་སུམ་བཅུའི་ནང་ལ་ཡིན་རྒྱུ་རེད། ཁོང་ནི་བཙོན་ཁང་ནང་དུ་མོ་ལོ་ཧྲིལ་པོ་ཉེར་གཅིག་ཐམས་པར་བཞུགས་དགོས་བྱུང་ཡོད། ཡིན་ནའང་རིན་པོ་ཆེས་ནང་ཆོས་ཀྱི་ཉམས་ལེན་གནང་བ་མ་ཟད་བཙོན་ཁང་དུ་བཞུགས་རིང་ཁོང་གི་དགེ་སྦྱོར་གཙོ་བོ་ནི་བྱམས་སྙིང་རྗེའི་སྒོ་ནས་གཏོང་ལེན་གྱི་དམིགས་པ་ཁོ་ན་མཛད། གཏོང་ཞེས་པ་ནི་རང་གི་ལུས་དང་ལོངས་སྤྱོད་མ་ཟད་དུས་གསུམ་དུ་བསགས་པའི་དགེ་ཚོགས་གང་ཡོད་པ་རྣམས་གཞན་མི་འདོད་པའི་དགྲ་བོ་དང་གདོན་བགེགས་སོགས་ལ་སྦྱིན་པའམ་སྟེར་བ་དང་། གཞན་གྱི་སྡུག་བསྔལ་དང་ན་ཚ་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་གང་ཡོད་པ་རྣམས་རང་སྟེང་དུ་ལེན་པ་ལ་ཟེར། གང་ལྟར་ཀྱང་རིན་པོ་ཆེའི་བཙོན་ཁང་ནང་ནས་ཉམས་ལེན་གནང་བ་ལ་བསྟེན་ནས་བཙོན་ཁང་ཉིད་ཀྱང་རང་བཞིན་གྱིས་སྒྲུབ་ཁང་ལྟ་བུར་གྱུར། སྐབས་དེ་དུས་ས་ཕྱོགས་འདྲ་མིན་ནས་བླ་མ་དགེ་བའི་བཤེས་གཉེན་མང་པོ་མཉམ་དུ་བཙོན་ཁང་གཅིག་ཏུ་འདུས་ཡོངས་སྟབས་ཕན་ཚུན་ལྐོག་ནས་ཆོས་ཞུ་རེས་དང་། ཉམས་རྟོགས་ཀྱི་བགྲོ་གླེང་མང་པོ་བྱུང་བའི་རྐྱེན་གྱིས་ཆོས་སྒྲུབ་པའི་མཐུན་རྐྱེན་བཟང་པོ་བྱུང་བ་རེད།  རྒྱ་ནག་དམར་པོའི་གཞུང་གིས་བསམ་ན་བོད་ཀྱི་བླ་མ་ཡོངས་རྫོགས་བཙོན་དུ་བཅུག་ཐུབ་ན་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་མེད་པར་གཏོང་ཐུབ་བསམ་ཀྱང་། རྒྱ་ནག་གཞུང་གི་བསམ་དོན་དེ་མ་འགྲུབ་པ་མ་ཟད་བོད་ཀྱི་བླ་མ་རྣམས་ལ་མི་ལོ་མང་པོའི་རིང་ཆོས་སྒྲུབ་པའི་མཐུན་རྐྱེན་བླ་ན་མེད་པ་ཞིག་ཐོབ་ནས་བླ་མ་རྣམས་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་བཙོན་ཁང་ནི་ཚང་མ་ལ་ཆོས་བྱེད་སའི་སྒྲུབ་ཁང་ལྟར་གྱུར་ནས་ཉམས་རྟོགས་གོང་འཕེལ་དུ་གྱུར་པ་རེད། ཉམས་རྟོགས་གོང་འཕེལ་བྱུང་བའི་རྟགས་སུ་བཙོན་ཁང་ནང་ནས་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་ལ་རྟགས་མཚན་ཁྱད་པར་འདི་འདྲ་བྱུང་བ་རེད། དཔེར་ན་ཉིན་མ་གཅིག་ལ་མི་མ་འདྲ་བ་ལྔ་ཡིས་དུས་ཚོད་གཅིག་གི་ནང་འགའ་ཤས་ཀྱིས་རིན་པོ་ཆེ་ཕྱི་རོལ་དུ་ཡོད་པ་དང་། འགའ་ཤས་ཀྱིས་ནང་དུ་སྒོམ་རྒྱབ་བཞིན་པ། འགའ་ཤས་ཀྱིས་ཐབ་ཚང་ནང་དུ་ཡོད་པ། འགའ་ཤས་ཀྱིས་མི་དང་མཉམ་དུ་སྐད་ཆ་བྱེད་བཞིན་པ། འགའ་ཤས་ཀྱིས་ཇ་འཐུང་བཞིན་པ་སོགས་གང་ཟག་རེ་རེའི་ངོ་ལ་མཐོང་ཚུལ་མ་འདྲ་བ་དུས་གཅིག་ཏུ་བྱུང་བ་རེད། དེ་ནི་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེས་པའི་རྟགས་རེད། སེམས་ཀྱི་སྟོབས་ཀྱིས་མ་དག་པའི་བཙོན་ཁང་ཉིད་ཀྱང་དག་པའི་ཞིང་ཁམས་ལྟ་བུར་བསྒྱུར་ཐུབ་པ་རེད། བསམ་བློ་གཏོང་མ་ཤེས་ན་ཁྱེད་རང་གཟུགས་པོ་ཉིད་དངོས་སུ་དག་པའི་ཞིང་ལྷ་ཁང་ལྟ་བུའི་ནང་དུ་ཡོད་ཀྱང་སེམས་ཉིད་བཙོན་ཁང་དུ་མི་གྱུར་བའི་ངེས་པ་ཡོད་མ་རེད། གང་ལྟར་ནང་པའི་ཆོས་ནས་གསུངས་ན་ཚང་མ་སེམས་ཀྱི་དབང་གིས་བྱུང་ཡོད་ཅེས་གསུངས་པ་རེད། ཁྱེད་རང་ཚོས་ཀྱང་དེ་ལྟར་བསམ་བློ་གཏོང་རྒྱུའི་གོ་སྐབས་ད་ལྟ་ཡོད་རེད། སེམས་སྡུག་དང་འཁོན་འཛིན་བྱས་ཀྱང་ཕན་ཐོག་མེད་པ་མ་ཟད་ཁྱེད་རང་ལ་གནོད་ཀྱི་རེད། དེ་ནས་ཉིན་ཞིག་རྒྱ་ནག་མགོ་ཁྲིད་མའོ་ཤི་བའི་རྗེས་སུ་བོད་ཀྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏང་ཁྱབ་སྒྲག་བྱས་པ་རེད། སྐབས་དེ་དུས་བཙོན་སྲུང་བའི་རྒྱ་མི་ཞིག་ནས་ང་ཡི་རྩ་བའི་བླ་མར་འདི་སྐད་ཟེར། ཁྱེད་རང་བཙོན་ཁང་གི་དུས་ཚོད་ཡོལ་ཚར་ནས་ཞག་འགའ་ཟིན་པ་རེད། ད་དུང་ཁྱེད་རང་གི་དགོན་པར་མི་འགྲོ་གང་ཡིན་ཅེས་དྲིས་པ་རེད། རིན་པོ་ཆེ་ཧ་ཅང་ཐུགས་སྐྱོ་བའི་ཉམས་ཀྱིས། ཨོ་དེ་འདྲའི་གཏམ་ངན་ཞིག་གོ་བྱུང་། ད་དུང་ལོ་གྲངས་འགའ་ལ་བཙོན་ཁང་དུ་འདུག་རྒྱུའི་གོ་སྐབས་བྱུང་ན་ད་གཟོད་ཉམས་ལེན་ཚད་ལྡན་ཞིག་ཡོང་ས་ཡོད། ངས་དེ་རིང་རྒྱ་ནག་དམར་པོའི་སྲིད་གཞུང་ལ་སྙིང་ཁུངས་རུས་པའི་དཀྱིལ་ནས་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ང་མི་ལོ་ཉེར་གཅིག་ཐམས་པའི་རིང་སྒྲུབ་ཁང་ཞིག་ནང་དུ་བཞག་ནས་ཟས་གོས་གནས་མལ་སོགས་བཀའ་དྲིན་ཆེ་བྱུང་། ང་ཚོ་བཀའ་བརྒྱུད་པའི་ལུགས་སྲོལ་ལ་གྲྭ་པ་ཞིག་ཡིན་ནས་བཟུང་ཐ་ན་ལོ་གསུམ་ཟླ་གསུམ་སྒྲུབ་ཁང་ནང་དུ་འདུག་དགོས་རེད། ང་ལོ་གསུམ་ཟླ་གསུམ་སྔོན་ནས་བསྡད་ཚར་བ་ཡིན། ཡིན་ནའང་ལོ་གསུམ་ཟླ་གསུམ་ཙམ་མ་ཡིན་པར་རྒྱུན་རིང་ཙམ་མཚམས་ལ་འདུག་ཡང་ཡང་བསམ་གྱིན་ཡོད། ཡིན་ནའང་ངོས་ཀྱི་དགོན་པའི་ལས་བྲེལ་གྱིས་འདུག་ཁོམས་གཏན་ནས་མ་བྱུང་། ད་རེས་ང་ནི་ལོ་མི་ལོ་ཉེར་གཅིག་རིང་སྒྲུབ་ཁང་ལ་བསྡད་པ་ཡིན། འདི་ནི་ངེས་པ་དོན་གྱི་སྒྲུབ་ཁང་རེད་མ་གཏོགས་བཙོན་ཁང་མ་རེད། མའོ་གཙོས་རྒྱ་ནག་དམར་གཞུང་ལ་ངས་དེ་རིང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་གི་ཡིན། ཅེས་གསུངས་པ་རེད། རིན་པོ་ཆེའི་བཙོན་ཁང་ནང་ནས་ཉམས་ལེན་ལ་བོགས་འདོན་བྱུང་བའི་རྩོམ་ཐུང་མགུར་ཞིག་ཡོད་ཀྱང་ཚང་མ་དྲན་གི་མི་འདུག་ཧ་ཅང་སྙན་པོ་ཞིག་ཡོད་རེད། གང་ལྟར་ཀྱང་ལུས་ཀྱི་དཀའ་ངལ་གྱི་དབང་གིས་སེམས་མ་འཁྲུགས་པ་ཧ་ཅང་ནས་གལ་ཆེན་པོ་རེད། ལུས་ཀྱི་ན་ཚ་དང་སྡུག་བསྔལ་བར་ཆད་སོགས་གང་ཡོད་པ་འདི་རྣམས་ནི་འཁོར་བའི་ཆོས་ཉིད་རེད་མ་གཏོགས་ཡེ་ནས་མེད་པ་ཞིག་བློ་བུར་དུ་བྱུང་བ་ཞིག་གཏན་ནས་མ་རེད། སངས་རྒྱས་ཀྱིས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་གསུངས་པ་རེད། གལ་ཆེན་པོ་ཞིག་ལ་སྡུག་བསྔལ་གྱི་རྐྱེན་བྱས་ནས་བདེ་བར་བསྒྱུར་ཐུབ་པ་དགོས། རྒྱལ་སྲས་ཐོགས་མེད་བཟང་པོའི་ཞལ་ནས། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། ཕན་བདེ་ནམ་མཁའ་གང་བར་ཤོག། སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར།། སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག། ཞེས་དང་། དཔའ་སྤྲུལ་རིན་པོ་ཆེའི་ཞལ་ནས། ང་ན་ན་ན་སྟེ་ན་བས་དགའ།། སྔོན་བསགས་ཀྱི་ལས་ངན་འཛད་པ་ཡིན།། མ་ན་ན་ན་སྟེ་མ་ན་དགའ།། ཚེ་འདིར་དགེ་སྦྱོར་འཕེལ་བ་ཡིན།། ཅེས་གསུངས་སོ། ད་རེས་ཁྱེད་རྣམས་ཀྱིས་ཀྱང་རང་གི་ལུས་ཐོག་ལ་སྡུག་གྱོང་དང་མནར་བཅོད་དཀའ་སྡུག་གང་བྱུང་ཡང་བཟོད་སྲན་ངང་ནས་སེམས་མ་འཁྲུགས་པར་བྱེད་རྒྱུ་ལས་ཐབས་ལམ་གཞན་གདམས་ག་གང་ཡང་མེད། སེམས་ཁྲལ་དང་སྡུག་བསྔལ་བྱས་ཀྱང་ཕན་ཐོག་གང་མེད། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཅེས་གསུངས་ཡོད། ལྷག་པར་དུ་ད་ལྟའི་བཙོན་ཁང་འདི་གནས་སྟངས་ལ་ཆ་མཚོན་ན་གཞན་ལ་ཁོང་ཁྲོ་ཟ་བ་དང་སེམས་སྡུག་བྱས་པས་གཞན་ལ་གནོད་རྒྱུ་ཕར་ཞོག་རང་ཉིད་སེམས་སྡུག་གི་ཁ་སྣོན་དུ་གྱུར་ནས། མཐར་ལུས་སེམས་གཉིས་ཀར་སྡུག་བསྔལ་གྱིས་མནར་ཡོང་། ཁོང་ཁྲོས་མི་ལ་གནོད་རྒྱུའི་ཚབ་ཏུ་རང་ཉིད་ལ་གཏན་གཏན་གནོད་ཀྱི་ཡོད། ཁོང་ཁྲོས་དབང་གིས་རྒྱལ་ཁ་ཐོབ་རྒྱུ་མེད། དེ་བས་ཀྱང་བྱམས་སྙིང་རྗེ་བསྒོམས་ན་ཐ་མའི་རྒྱལ་ཁ་ཁྱེད་རང་ལ་ཐོབ། རྒྱལ་སྲས་ལག་ལེན་སོ་བདུན་མ་ལས། རང་གི་ཞེ་སྡང་དགྲ་བོ་མ་བཏུལ་ན།། ཕྱི་རོལ་དགྲ་བོ་བཏུལ་ཀྱང་འཕེལ་བར་འགྱུར།། དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།། ཅེས་གསུངས་ཡོད། ཤོ་ལོ་ཀ་འདིས་ང་ཡི་མི་ཚེ་འགྱུར་བ་གཏང་སོང་། ང་ལོ་ན་ཆུང་བའི་སྐབས་སུ་ང་ཡི་ཨ་མ་དང་ཨ་ཞང་སོགས་ནང་མི་རྣམས་རྒྱ་ནག་གཞུང་ནས་དམར་བསད་གཏང་བ་དང་། རྩ་བའི་བླ་མ་ལོ་གྲངས་ཉེར་གཅིག་རིང་བཙོན་དུ་བཅུག་པ་སོགས་ཀྱི་རྐྱེན་ང་རྒྱ་ནག་གཞུང་ལ་རྟག་པར་ཁོང་ཁྲོ་ཟ་གི་ཡོད། གྲྭ་ཆས་ཕུད་ནས་རྒྱ་ནག་དམར་ཤོག་མི་དེ་རྣམས་ལ་འཁོན་ལན་སློག་དགོས་བསམ་བྱུང་། ང་དེ་དུས་ལོ་ཆུང་ཆུང་ཡིན་སྟབས་དེ་ནི་བྱིས་པའི་བསམ་བློ་རང་རེད། འཁོན་ལན་གང་འདྲ་བྱེད་ནས་སློག་དགོས་ངས་ཀྱང་མི་ཤེས། སྐབས་ཞིག་ང་ཡི་ཕ་རྒན་ནས་ཨུ་ཚུགས་ཀྱིས་ང་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཇལ་ཁར་ཁྲིད་སོང་། ཁོང་དེ་དུས་བཙོན་ཁང་ནས་གློད་གྲོལ་གཏང་མ་ཐག་རེད། སྐབས་དེ་དུས་ཁོང་ནས་ང་ལ་ལག་ལེན་སོ་བདུན་མའི་དཔེ་ཆ་ཞིག་གནང་ནས་དེ་ག་རང་དུ་ཀློག་བཅུག་སོང་། ངས་བཀློག་བཞིན་པའི་སྐབས་སུ་ཕལ་ཆེར་ཤོ་ལོ་ཀ་ཉེར་གཉིས་ཡིན་བསམ་གང་ལྟར་གོང་གི་ཚིག་ཤོ་ལོ་ཀ་འདིའི་མཚམས་སུ་སླེབས་པའི་སྐབས་སུ་ང་ཡི་ཞེ་སྡང་གི་སེམས་ཆུ་ཚན་ཁོལ་མའི་ནང་དུ་བྱང་ཆུབ་ཀྱི་སེམས་ཆུ་གྲང་མོ་བླུགས་པ་ནང་བཞིན་སེམས་ལ་བསིལ་དྲོད་ཀྱི་བདེ་བ་སླེབས་སོང་། དེ་ནས་བཟུང་སྟེ་ངས་རྒྱ་མིར་འཁོན་འཛིན་མི་བྱེད་རྒྱུ་དམ་བཅའ་བྱས་ནས་སྔར་བཞིན་གྲྭ་པའི་ལམ་དུ་སོང་བ་ཡིན། ཤོ་ལོ་ཀ་དེས་ང་ཡི་མི་ཚེ་ཚང་མ་འགྱུར་བ་ཐེབས་སོང་། ད་ལྟ་གྲྭ་ཆས་གྱོན་ནས་བསྡད་ཡོད་པ་འདི་ཚིག་འདིས་བཀའ་དྲིན་ཡིན་བསམ་བཞིན་ཡོད། ཆོས་གནད་དུ་སོང་ན་བློ་ཆོས་སུ་འགྲོ་བ་ལ་ཆོས་མང་པོ་ཤེས་དགོས་མི་འདུག ཆོས་ཉུང་ངུ་རེས་གཏན་གཏན་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་འདུག ལུས་ཀྱི་བདེ་སྡུག་ནི་སྔོན་བསགས་ཀྱི་ལས་བཟང་ངན་དང་འཕྲལ་རྐྱེན་སོགས་ཀྱི་རྗེས་སུ་འགྲོ། སེམས་ནི་དུས་ནམ་ཡང་གཞན་གྱིས་དབང་བསྒྱུར་བྱེད་མི་ཐུབ། དེ་ནི་རྟག་པར་ཁྱེད་རང་གི་ལག་པར་ཡོད། སེམས་སྐྱིད་པོ་ཡོད་ན་ཁྱེད་རང་གི་ལུས་བཙོན་ཁང་དུ་ཡོད་ཀྱང་དེ་ནི་དུས་ནམ་ཡང་བཙོན་ཁང་མ་རེད་གཞལ་ཡས་ཁང་གི་ལྷ་ཁང་ལྟ་བུ་རེད། སེམས་སྐྱིད་པོ་མེད་ན་འཛམ་གླིང་གི་རྒྱུ་ནོར་ཡོད་ཀྱང་དེས་ཕན་ཐོག་གང་མེད། དེང་སང་འབྱོར་ལྡན་མང་པོ་ཞིག་གི་སེམས་ལ་བདེ་སྐྱིད་གཏན་ནས་མེད། བདེ་སྐྱིད་ངོ་མ་ནི་སེམས་ཐོག་ནས་ཡོང་དགོས། དེ་འདྲའི་བདེ་སྐྱིད་དེ་ནི་དམ་པའི་ཆོས་ཉམས་ལེན་གྱི་ལམ་ལ་བསྟེན་པ་ལས་ཐབས་ལམ་གཞན་གང་ཡང་མེད། བསམ་བློ་ཡག་པོ་ཞིག་གཏང་ན་གནས་སྐབས་ལུས་ཀྱི་དཀའ་སྡུག་དང་ཉམས་མྱོང་གི་རྐྱེན་བྱས་ནས་སེམས་ཀྱི་དགེ་བའི་ཉམས་ལེན་གོང་འཕེལ་གྱི་རྐྱེན་དུ་འགྲོ། དཔེར་ན་ངོས་ཀྱི་རྩ་བའི་བླ་མ་བཙོན་ཁང་གི་ལོ་རྒྱུས་སྐོར་ལྟ་བུ་རེད། དགེ་བཤེས་གླང་ཐང་པས། རང་བཞིན་ངན་པའི་སེམས་ཅན་རྣམས།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བས་གཅེས་འཛིན་ཤོག། བདག་ལ་གཞན་གྱི་ཕྲག་དོག་གིས། གཤེ་བསྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང་། རྒྱལ་ཁ་གཞན་ལ་འབུལ་བར་ཤོག། ཅེས་སོགས་ཧ་ཅང་གདམས་ངག་བྱིན་རླབས་ཅན་འདི་རྣམས་ལ་བསམ་བློ་གཏང་ནས་སྒོམ་གང་ཐུབ་བྱས་ན་ཕན་ཐོག་ཆེ། པཎ་ཆེན་བློ་ཆོས་རྒྱན་གྱི་ཞལ་ནས།། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ།། མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི།། བདེ་སྡུག་བདག་གཞན་བརྗེ་བའི་རྣལ་འབྱོར་ལ།། ཉམས་ལེན་སྙིང་པོ་བྱེད་པར་བྱིན་གྱིས་རློབས།། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། བདག་གི་བདེ་དགེ་གཞན་ལ་གཏོང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ།། མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང་།། ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས།། རྐྱེན་ངན་ལམ་དུ་ལོངས་བར་བྱིན་གྱིས་རློབས།། མདོར་ན་བཟང་ངན་སྣང་བ་ཅི་ཤར་ཡང་། ཆོས་ཀུན་སྙིང་པོ་གཏོང་ལེན་དམིགས་པ་ཡིས།། བྱང་ཆུབ་སེམས་གཉིས་འཕེལ་བའི་ལམ་བསྒྱུར་ཏེ།། ཡིད་བདེ་འབའ་ཞིག་སྒོམ་པར་བྱིན་གྱིས་རློབས།། ཅེས་སོགས་ཧ་ཅང་རླབས་ཆེན་གྱི་གདམས་ངག་མང་པོ་ཞིག་གསུངས་ཡོད་པས་འདི་རྣམས་བཀླག་ཅིང་སེམས་ལ་སྒོམ་ན་གཏན་གཏན་ཕན་ཐོག་ཆེ། རང་ཉིད་ལ་དཀའ་ངལ་འཕྲད་པའི་སྐབས་བློ་རྒྱ་ཡངས་པོར་བྱེད་དགོས། རབ་ཏུ་བྱུང་ན་ཉོན་མོངས་དང་སྡུག་བསྔལ་གང་ཡོད་པ་རྣམས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ནས་དགེ་བའི་བསྐུལ་མ་དང་སྡིག་པ་འདག་རྐྱེན་ན་ཚ་གདོན་བགེགས་དགྲ་བོ་སོགས་བཀའ་དྲིན་ཅན་གྱི་ངོ་བོར་འགྱུར་ཐུབ་པ་དགོས། གལ་སྲིད་དེ་ལྟར་མ་བྱུང་ན་ཡང་གནས་སྐབས་ལུས་ཀྱི་དཀའ་ངལ་ཆུང་ཙག་དབང་གིས་སེམས་ཁམས་འཁྲུགས་པ་དང་རང་ཤི་རྒྱག་པ་སོགས་ཀྱི་རྐྱེན་དུ་མི་འགྱུར་བར་བྱེད་དགོས། བདེ་སྐྱིད་ངོ་མ་ནི་སེམས་ཐོག་ནས་ཡོང་གི་ཡོད། ཕྱི་ཡི་འདོད་ཡོན་ལོངས་སྤྱོད་སྒོ་ལྔ་དབང་ཤེས་ཀྱི་བདེ་བ་ནི་བསླུ་བྲིད་ཅན་གྱི་བདེ་བ་ཡིན། དཔེར་ན་ལྕགས་ཀྱུའི་རྩེ་མོར་ཉ་ལ་ཁ་ཟས་ཀྱིས་བསླུས་པ་ལྟར་ཡིན། མི་རྣམས་ཀྱིས་ད་ལྟའི་སྒོ་ལྔའི་དབང་ཤེས་ལ་མྱོང་བཞིན་པ་འདི་ནི་བདེ་བ་ངོ་མ་རུ་འཛིན་གྱི་ཡོད། སངས་རྒྱས་ཀྱིས་དེ་ནི་འགྱུར་བའི་སྡུག་བསྔལ་ཡིན་ཅེས་གསུངས་ཡོད། ཕྱི་ཡི་འདོད་ཡོན་ལོངས་སྤྱོད་བདེ་སྐྱིད་ཇི་ལྟར་ཆེ་ཡང་ནང་གི་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ་པ་མ་ཟད་ད་དུང་རེ་དོགས་གི་དབང་གིས་སེམས་ཀྱི་སྡུག་བསྔལ་སྣོན་མར་གྱུར། ནང་གི་སེམས་ལ་བདེ་སྐྱིད་ཡོད་ན་ཕྱི་འདོད་ཡོན་ཡོན་ལོངས་སྤྱོད་དེ་ཙམ་མེད་ཀྱང་སེམས་ཀྱི་བདེ་སྐྱིད་དེས་ཁྱེད་རང་གི་ལུས་ཀྱི་འཕྲོད་བསྟེན་བཟང་བ་དང་། ཚེ་རིང་བ། ནད་ཉུང་བ་སོགས་དངོས་སུ་ཕན་ཐོག་ཡོང་ཐུབ། གང་ལྟར་སེམས་འདི་ནི་ཀུན་བྱེད་ཀྱི་རྒྱལ་པོ་ལྟར་ཡིན། དེ་དུས་ནམ་ཡང་མི་གཞན་གྱིས་བཙོན་དུ་བཅུག་མི་ཐུབ། དབང་དུ་ཡང་བསྒྱུར་མི་ཐུབ། དེ་ནི་རྟགས་པར་ཁྱེད་རང་གི་ལག་པར་ཡོད། ངས་ཁྱེད་རང་ཚོ་དུས་ནམ་ཡང་མི་བརྗེད། ལོ་ལྟར་ཐུག་འཕྲད་དུ་ཡོང་ཆོག། བློ་བདེ་བོ་དང་སེམས་པ་སྐྱིད་པོ་བྱོས།བཀྲ་ཤིས་བདེ་ལེགས།

 

བདེ་སྐྱིད་འདོད་ཡོན་ལྷ་དང་མཉམ་ན་ཡང་།

མི་སྐྱིད་རེ་དོགས་སྡུག་བསྔལ་སེམས་ཀྱི་ནད།།

སྡུག་བསྔལ་མང་པོས་གཙེས་པའི་གཟུགས་ཕུང་འདི།།

རྐྱེན་ངན་གྲོགས་གྱུར་སེམས་ཀྱི་སྨན་དུ་གྱུར།།

 

སེམས་ཀྱི་རང་བཞིན་འོད་གསལ་དྲི་མེད་ལ།།

སྡིག་སྡུག་རྣམ་རྟོག་ངོ་བོ་ཡེ་དག་ཀྱང་།

མ་རྟོགས་དབང་གིས་ཀྱེ་མ་སེམས་ཅན་འཁྲུལ།།

འཁྲུལ་པའི་དབང་གིས་སླར་ཡང་འཁོར་བར་འཁྱམས།།

 

དགྲ་བོས་གཙེས་ཤིང་ཉོན་མོངས་ནད་ཀྱིས་མནར།།

འཚོ་བས་འཕོངས་སོགས་ལུས་ཀྱི་སྡུག་བསྔལ་འདི།།

སེལ་བའི་སྨན་མཆོག་བྱང་ཆུབ་སེམས་བསྐྱེད་འདི།།

བདེ་སྡུག་གཏོང་ལེན་གནད་ཀྱི་མན་ངག་ཡིན།།

 

འཁོན་འཛིན་སེམས་ལ་ཉར་བའི་ནད་ངན་དང་།།

མི་འདོད་རྐྱེན་ངན་བར་ཆད་འགོང་པོ་འདི།།

ཞི་བར་བྱེད་པའི་སྨན་མཆོག་བྱང་ཆུབ་སེམས།།

མ་བརྗེད་ཉམས་ལེན་བྱོས་ཤིག་ཁོ་བོའི་གྲོགས།།

 

ང་ཡི་སྙིང་ནས་གཅེས་པའི་ཆོས་གྲོགས་བྷོ་སི་ཊོན་བཙོན་པ་རྣམས་ཀྱི་ཆེད་དུ་རང་གིས་གང་དྲན་དང་ཉམས་ལེན་སྟབས་བདེའི་ཆེད་དུ་ཀི་ལི་ཧྥོ་ཉའི་འཇམ་དབྱངས་ཆོས་འཁོར་གླིང་ནས་༢༠༡༧་སྤྱི་ཟླ་༥་པའི་ཚེས་༡༢་ལ་གུས་པ་མཁན་པོ་ཀར་བསྟན་ནས་ཕུལ་བ་དགེ་ལེགས་འཕེལ།།


Thursday, July 20, 2023

༄༅།། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་མདོར་བསྡུས་ཐར་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

༄༅།། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་མདོར་བསྡུས་ཐར་པའི་ས་བོན་ཞེས་བྱ་བ་བཞུགས་སོ།།

རྩ་གསུམ་ཀུན་འདུས་དཔལ་ལྡན་བླ་མ་དང་།།

སྐུ་གསུམ་རིགས་བརྒྱའི་ཁྱབ་བདག་སྣང་མཐའ་ཡས།།

དབྱེར་མེད་སྤྱི་གཙུག་འཁོར་ལོའི་རྒྱན་བཞུགས་ནས།།

འབྲལ་མེད་སྐྱེ་བ་ཀུན་ཏུ་རྗེས་འཛིན་མཛོད།།


ལྷ་གཅིག་ཀུན་འདུས་སངས་རྒྱས་སྣང་མཐའ་ཡས།།

ཆོས་གཅིག་ཀུན་འདུས་སྙིང་པོ་ཡི་གེ་དྲུག།

ཉམས་ལེན་ཀུན་འདུས་བྱམས་དང་སྙིང་རྗེ་གསུམ།།

འབྲལ་མེད་ཉམས་སུ་བླངས་དེ་སྐལ་བ་བཟང་།།


བདེ་ཆེན་ཞིང་གི་སྒྲུབ་ཐབས་ཟབ་མོའི་ལམ།།

བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པོའི།།

འགྲེལ་བཤད་ཕལ་སྐད་གོ་སླའི་ཚུལ་བྱས་ཏེ།།

རང་འདྲའི་བློ་དམན་རྣམས་ཀྱི་དོན་དུ་བཀོད།།

ཅེས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པ་སྔོན་དུ་སོང་ནས་གང་ཞིག་གླེང་བར་བྱ་བ་ནི། སྐབས་འདིར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་སྙན་ངག་དང་། སྡེབ་སྦྱོར།གཞན་གོ་དཀའ་བའི་མཁས་ཚིག་སོགས་ཀྱིས་མ་བཅིངས་པར་ཕལ་སྐད་དཀྱུས་མའི་ཚུལ་གྱིས་ལམ་ཞུགས་གསར་བུ་བ་རྣམས་ལ་ཕན་པའི་ཕྱིར་དུ་མདོར་བསྡུས་ཅི་ནུས་སུ་དགྲོལ་བར་བྱའོ།། དང་པོ་སྒྲུབ་ཚུལ་གྱི་ཀུན་སློང་ཀུན་སྤྱོད་སོགས་ཁྲིད་ཡིག་གཞན་ལས་གསལ་བ་ལྟར་གལ་ཆུང་དུ་མ་སོང་བར་རང་རྒྱུད་ལེགས་པར་སྦྱངས་ནས། སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་རྣམས་ལས་བྲལ་འདོད་ཀྱི་ངེས་འབྱུང་དང་། སྐྱབས་ཡུལ་སངས་རྒྱས་འོད་དཔག་མེད་དང་།

རྩ་བའི་བླ་མ་སོགས་ལ་དད་པ་དང་མོས་གུས་རྩེ་གཅིག་པ་དང་ལྡན་པའི་ཐོག་སྦྱོར་དངོས་རྗེས་གསུམ་ལེགས་པར་ཚང་བའི་སྒོ་ནས་ཚུལ་བཞིན་དུ་འཇུག་པར་བྱའོ།།

དེ་ལ་དང་པོ་རྩ་བའི་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་ལ། དང་པོ་མཚམས་སྦྱར་བའི་སྒོ་ནས་ཞིང་ཁམས་སྤྱིར་མདོར་བསྡུས་སུ་བསྟན་པ་དང་། གཉིས་པ་བདེ་བ་ཅན་གྱི་ཞིང་ཁམས་དང་དེ་ཉིད་ལ་སྐྱེ་བའི་རྒྱུ་བཞིའི་སྒོ་ནས་རྒྱས་པར་བཀྲལ་བ། གསུམ་པ་འཕྲོས་དོན་མཇུག་ཡོངས་སུ་བསྡུ་བ་དང་བཅས་གསུམ་མོ། དང་པོ་མཚམས་སྦྱར་བའི་སྒོ་ནས་ཞིང་ཁམས་སྤྱིར་མདོར་བསྡུས་སུ་བསྟན་པ་ནི། 

སྤྱིར་ཞིང་ཁམས་ཞེས་པ་འདི་ལའང་དྲང་དོན་དང་ངེས་དོན་གྱི་སྒོ་ནས་ཁྱད་པར་འབྱེད་དགོས་ཤིང་།

དྲང་དོན་དུ་སེམས་ཅན་རྣམས་ངེས་དོན་ལ་འགོད་པའི་ཆེད་དུ་གནས་སྐབས་ཐབས་ཙམ་གྱིས་བསྟན་པ་ཡིན་ཞིང་མཐར་ཐུག་ངེས་དོན་ཆོས་ཉིད་ཀྱི་ངོ་བོར་ཞིང་ཁམས་དང་དམྱལ་བ་སོགས་དག་མ་དག་པ་རྣམས་ནི་སེམས་ཀྱི་དབང་གིས་བྱུང་བ་ལས་རང་མཚན་དུ་གྲུབ་པ་མེད་པར་བསྟན་པ་ནི། དེའང་སྤྱོད་འཇུག་ལས།

ལྕགས་བསྲེགས་ས་གཞི་སུ་ཡིས་བྱས།། མེ་ཚོགས་དེ་དག་ཅི་ལས་བྱུང་།།

དེ་འདྲ་དེ་དག་ཐམས་ཅད་ཀྱང་།། སྡིག་སེམས་ཡིན་པར་ཐུབ་པས་གསུངས།།

ཞེས་དང་། བདུད་འཇོམས་རིན་པོ་ཆེའི་ཞལ་ནས་ཀྱང་།

 བསྟན་པ་འཛུགས་ན་རང་གི་སེམས་ལ་ཚུགས།། སེམས་ཀྱི་སྟེང་ནས་སངས་རྒྱས་རྙེད་ཡོང་ངོ་།།

ཞིང་ཁམས་ཉུལ་ན་ཐ་མལ་འཁྲུལ་ཞེན་སྦྱོངས།། རྣམ་དག་ཞིང་ཁམས་སྐྱིད་པོ་འགྲམ་ལ་ཡོད།།

ཅེས་གསུངས་པ་ལྟར་སེམས་ཅན་གྱི་བག་ཆགས་ལས་བཟང་ངན་བསགས་པའི་ངོར་དམྱལ་བ་དང་དག་པའི་ཞིང་ཁམས་སུ་སྣང་བ་ལས་དེ་མ་ཡིན་པར་ག་ཤེད་ཅིག་ལ་དེང་དུས་ཀྱི་གྲོང་ཁྱེར་དང་རྒྱལ་ཁབ་ཆག་པ་ནང་བཞིན་དམྱལ་བ་དང་ཞིང་ཁམས་སོགས་ག་ཤེད་ཅིག་ན་མེད་པ་ནི་ཤེས་དགོས་སོ།། འོན་ཀྱང་ཐེག་ཆེན་གྱི་མདོ་སྡེ་རྣམས་སུ་ཞིང་ཁམས་སྦྱོང་བ་དང་ཞིང་ཁམས་སྒྲུབ་པ་ཡོད་པར་བསྟན་པ་ནི།

ཤེར་ཕྱིན་ལས།

སེམས་ཅན་འཇིག་རྟེན་དེ་བཞིན་དུ།། སྣོད་ཀྱི་འཇིག་རྟེན་མ་དག་ཉིད།།

དེ་ལ་དག་པར་སྒྲུབ་པ་ཡིས།། སངས་རྒྱས་ཞིང་ནི་དག་པ་ཉིད།། 

ཅེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་།

 མངོན་པར་བསྒྲུབས་པའི་སྒོ་ནས་དེ།། སངས་རྒྱས་དཔག་ཏུ་མེད་པ་ལ།།

མཆོད་པའི་ཕྱིར་དང་མཉན་པའི་ཕྱིར།། འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ།།

ཞེས་གསུངས་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐབས་ལ་མཁས་པའི་དབང་གིས་སེམས་ཅན་རྣམས་ཀྱི་ཁམས་དང་མོས་པའི་སྤྱོད་ཡུལ་དང་མཚུངས་པར་བསྟན་པར་མཛད་དོ།། དེ་ལ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། སངས་རྒྱས་འོད་དཔག་མེད་དང་། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་། དབུས་ཕྱོགས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། བཅོམ་ལྡན་འདས་མི་བསྐྱོད་པ་བཅས་རྒྱལ་བ་རིགས་ལྔ་ལྟ་བུའི་ཞིང་ཁམས་ཡོད་ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་མ་གཏོགས་ཞིང་ཁམས་གཞན་རྣམས་སུ་སྐྱེ་བ་ལ་རང་རྒྱུད་ལ་ཚུལ་ཁྲིམས་རྣམ་པར་དག་ཅིང་། སྔོན་བསགས་ཀྱི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་ཡིན་ན་མ་གཏོགས་ཕལ་ཆེར་སོ་སོའི་སྐྱེ་བོ་རྣམས་སྐྱེ་མི་ཐུབ་ཅེས་གསུངས་སོ།། མི་ཐུབ་པའི་རྒྱུ་མཚན་ནི་སངས་རྒྱས་དེ་རྣམས་སློབ་པ་ལམ་ཞུགས་ཀྱི་སྐབས་སུ་ཐུགས་བསྐྱེད་དང་སྨོན་ལམ་མི་འདྲ་བའི་དབང་གིས་དང་། རང་ཉིད་ཀྱང་ཞིང་ཁམས་ཁྱད་པར་ཅན་དེ་རྣམས་སུ་སྐྱེ་བའི་རྒྱུ་ཚོགས་མ་ཚང་བའི་ཕྱིར་རོ།། དཔེར་ན་རྒྱལ་པོ་ཆེན་པོའི་བཞུགས་གནས་སུ་སྤྲང་པོས་རེ་བ་བྱས་པ་ལྟར་ཡིན་ཞེས་གསུངས་སོ།། དེ་ལ་དགོངས་ནས་སངས་རྒྱས་འོད་དཔག་མེད་ཀྱིས་རང་རེ་སྐྱབས་བྲལ་མགོན་མེད་ཉམ་ཐག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་འདི་ཉིད་ཆེད་དུ་སྨོན་ལམ་གྱི་དབང་གིས་བྱུང་བ་ཡིན་པས་ཡིད་ཆེས་བྱེད་དགོས་སོ།། ལར་ནས་དེང་སང་གི་དུས་འདིར་ནང་ཆོས་ཀྱི་རྨང་གཞི་བློ་ལྡོག་རྣམ་བཞི་དང་། ངེས་འབྱུང་། ལས་འབྲས་སོགས་ཀྱིས་བློ་སྦྱང་མ་དགོས་པར་བླ་མའི་མིང་སུ་ཆེ་དང་། ཡི་དམ་གྱི་ལྷ་ཁྲོ་བོ་འཇིགས་སུ་རུང་བ་རེ་ལ་མཐོ་བསྙེགས་བྱས་ནས་འུར་སྒྲོག་གི་རྗེས་སུ་མི་འབྲང་བར་བརྒྱ་ཡི་གོ་གཅིག་གིས་ཆོད་ཅེས་པའི་དཔེ་ལྟར། དུས་བབས་ཀྱི་ལྷ་སངས་རྒྱས་འོད་དཔག་མེད་འདི་ཁོ་ན་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་ནས་བསྙེན་དགོས་སོ།།

གཉིས་པ་ལ་གཉིས། དང་པོ་བདེ་བ་ཅན་གྱི་ཞིང་ཁམས་མདོར་བསྟན་པ་དང་། གཉིས་པ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་སྒོ་ནས་རྒྱས་པར་བཀྲལ་བའོ།། དང་པོ་ནི། ད་ལྟའི་སངས་རྒྱས་འོད་དཔག་མེད་འདི་སྔོན་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་རྩིབ་ཀྱི་མུ་ཁྱུད་ཅན་གྱི་སྐྱེ་བ་བཞེས་པའི་ཚེ་སངས་རྒྱས་རིན་ཆེན་སྙིང་པོའི་མདུན་དུ་ཐུགས་བསྐྱེད་ནས་མ་འོངས་པར་སྙིགས་མ་ལྔ་བདོ་བའི་དུས་སུ་སེམས་ཅན་རྣམས་ཀྱི་ཆེད་དུ་ཐུགས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེ་མང་པོ་བཏབ་པའོ།། དེ་ཡང་འོད་མདོ་ལས།

སེམས་ཅན་གང་དག་ཁ་ཅིག་གིས། བཅོམ་ལྡན་འདས་འོད་དཔག་མེད་དེའི་མཚན་ཐོས་ལ། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་བསམ་པ་ཐག་པ་ནས། དད་པ་དང་། དགའ་བ་བསྐྱེད་པ་དེ་དག་ཐམས་ཅད བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་རོ།། ཞེས་དང་།

ཡང་མདོ་དེ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་ན།། ང་ཡི་ཞིང་ལ་རྟག་ཏུ་འོང་བར་ཤོག། ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས།། འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་།། དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི།། དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག། ཅེས་གསུངས་སོ།། སངས་རྒྱས་འོད་དཔག་མེད་སངས་མ་རྒྱས་པའི་སྔ་རོལ་དུ་སྨོན་ལམ་ལས། གང་ཟག་གང་ལ་ལ་ཞིག་གིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཡིད་ལ་དྲན་པའི་ཐོག་ནས་ང་ཡི་མཚན་ལན་བདུན་བགྲངས་ནས་གང་ཟག་དེ་ཉིད་ཚེ་ལས་འདས་པར་གྱུར་ན་འཆི་ཁ་བར་དོའི་སྡུག་བསྔལ་མེད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་རོ།། གལ་སྲིད་གང་ཟག་དེ་ཉིད་བདེ་བ་ཅན་དུ་མ་སྐྱེས་ན་ང་སངས་མ་རྒྱས་པར་ཤོག་ཅིག། གལ་སྲིད་བདེན་པའི་སྨོན་ལམ་འདི་ཉིད་ཀྱིས་གང་ཟག་དེ་ཉིད་བདེ་བ་ཅན་དུ་སྐྱེ་ན་ང་སངས་རྒྱས་པར་ཤོག་ཅིག། ཅེས་སྨོན་ལམ་གནང་ནས་བདེན་པའི་སྟོབས་ཀྱིས་སངས་རྒྱས་འོད་དཔག་མེད་ད་ལྟར་སངས་རྒྱས་ཟིན་པའོ།།

གཉིས་པ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་སྒོ་ནས་རྒྱས་པར་བཀྲལ་བ་ལའང་བཞི་སྟེ། རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པ། རྒྱུ་གཉིས་པ་དགེ་རྩ་དཔག་མེད་བསགས་པ། རྒྱུ་གསུམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། རྒྱུ་བཞི་པ་བསྔོ་བ་དང་སྨོན་ལམ་བཅས་བཞིའོ།། དེ་ལ་རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པ་ནི། 

རྟེན་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་རྣམ་པར་དག་པ། ཆགས་མེད་བདེ་སྨོན་ནང་གི་སྨོན་ལམ་ལས་བྱུང་བ་ལྟར་བདེ་ཆེན་ཞིང་གི་བཀོད་པ་མ་ཚང་བ་མེད་པ་ལ། བརྟེན་པ་མགོན་པོ་འོད་དཔག་ཏུ་མེད་པ་གཙོ་འཁོར་ཡོངས་སུ་རྫོགས་པ་མངོན་སུམ་དད་པའི་ཡིད་ཡུལ་དུ་གསལ་བཏབ་ལ། གལ་སྲིད་ལྷ་ཚོགས་ཡོངས་རྫོགས་དུས་གཅིག་ཏུ་གསལ་འདེབས་མ་ཐུབ་ཀྱང་གཙོ་བོ་གསུམ་པོ་ངེས་པར་དུ་གསལ་གདབ་དགོས་སོ།། དབུས་སུ་སངས་རྒྱས་འོད་དཔག་མེད་དགེ་སློང་གི་ཆ་ལུགས་ཅན་སྐུ་མདོག་དམར་པོ་འོད་ཟེར་གྱི་མདངས་འཕྲོ་ཞིང་ཞབས་རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས་ཤིང་། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་འཛིན་པ། གཡས་སུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཉི་མའི་འོད་ཟེར་འཕྲོ་བ་ལ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་སྤྲས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཡས་པ་སྐུ་ཡི་སྟ་ཟུར་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱའི་འོག་ཏུ་བདག་སོགས་སེམས་ཅན་ཐམས་ཅད་སྐྱབས་འོག་ཏུ་ཚུད་པར་བསམ། ཕྱག་གཡོན་གྱིས་མཐེབ་སྲིན་སྦྱར་བའི་མེ་ཏོག་པདྨ་དཀར་པོ་ནོར་བུས་མཚན་པ་ཡུ་བ་ནས་འཛིན་ཅིང་འབྲས་བུ་སྙན་གྱི་ཐད་ཀར་ཁ་འབྱེད་པ། གཡོན་དུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཡས་སྐུ་ཡི་སྟ་ཟུར་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱས་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་བར་དུ་སྲུང་བའི་ཚུལ་གྱིས་བཞེངས་པ།

ཕྱག་གཡོན་མཐེབ་སྲིན་སྦྱར་བའི་མེ་ཏོག་སྔོན་པོ་རྡོ་རྗེས་མཚན་པའི་ཡུ་བ་ནས་འཛིན་ཅིང་འབྲས་བུ་སྙན་གྱི་ཐད་ཀར་ཁ་འབྱེད་ཅིང་དེ་ལྟར་གཙོ་བོ་གསུམ་པོ་འོད་ཟེར་དང་འཇའ་གུར་གྱི་ཀློང་དུ་མངོན་སུམ་བཞིན་དུ་བཞུགས་ཡོད་སྙམ་པའི་སྒོ་ནས་གསལ་གདབ་དགོས་སོ།། གལ་སྲིད་དེ་ལྟར་ཡང་གསལ་འདེབས་མ་ཐུབ་ན་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་འཇའ་འོད་ཟེར་མདངས་འཁྱིལ་བའི་ཀློང་ན་བཞུགས་པ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་ཞིང་དེ་ཉིད་ཀུན་འདུས་ནོར་བུའི་ལུགས་སུ་སངས་རྒྱས་འོད་དཔག་མེད་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་དང་། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་གསལ་བཏབ་ནས་སྒོམ་དགོས་སོ།། མདོར་ན་བསྐྱེད་རིམ་གྱི་གནད། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་བཅས་ཀྱི་སྒོ་ནས་གསལ་འདེབས་དགོས་སོ།། རྣམ་པ་གསལ་བའི་ཆ་ནས་ལྷ་འཁོར་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ། ཆོས་ལོངས་སྤྲུལ་གསུམ་གྱི་ལྷའི་ན་བཟའ་དང་སྐུ་མདོག་ཕྱག་མཚན་རྣམས་མ་འདྲེས་པར་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་གསལ་འདེབས་ཐུབ་ན་ལེགས། དེ་ལྟར་གལ་སྲིད་གསལ་འདེབས་མ་ཐུབ་ཀྱང་དད་མོས་ཀྱིས་མདུན་གྱི་ནམ་མཁར་སངས་རྒྱས་འོད་དཔག་མེད་གཙོ་འཁོར་ཡོངས་སུ་རྫོགས་པ་མངོན་སུམ་བཞིན་དུ་བཞུགས་ཡོད་བསམས་ནས་མོས་སྒོམ་བྱས་པས་ཀྱང་འགྲུབ་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། ། འདུན་པའི་རྩ་ལ་རབ་ཏུ་གནས། །ཞེས་དང་། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་དད་པའི་ཡིད་ཀྱི་མོས་མཁའ་རུ་མངོན་སུམ་དུ་བཞུགས་ཡོད་བསམས་ན་འགྲུབ་པར་འགྱུར་ཏེ། དེ་ལ་ལུང་འདྲེན་དང་གཏམ་རྒྱུད་སོགས་མང་ཡང་གནས་སྐབས་རེ་ཞིག་བཞག་ལ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཡོངས་ལ་སོ་སོའི་བླ་མ་རྣམས་ཀྱིས་མཛད་པའི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་མི་འདྲ་བ་ཡོད་པས་དེ་རྣམས་གང་རུང་ཞིག་ནམ་རྒྱུན་ཐུགས་དམ་ཁ་འདོན་དུ་འཛིན་པ་དང་ལྷག་པར་དུ་ཆགས་མེད་བདེ་སྨོན་འདི་ཉིད་བྱིན་རླབས་ཆེ་ཞིང་། ཚིག་ཁ་གསལ་ལ་དོན་འདུས་པ། སོ་སོའི་སྐྱེ་བོ་རྣམས་ཀྱིས་གོ་སླ་ལ། ཕན་ཡོན་ཆེ་བ་སོགས་བདེ་སྨོན་གཞན་ལས་ཀྱང་ཧ་ཅང་ཁྱད་ཆོས་མང་པོ་ཡོད་པས་དེང་སང་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཀུན་ལ་ཡོངས་སུ་གྲགས་ཤིང་ཀུན་གྱིས་ཁ་འདོན་བྱས་ན་དགེ་མཚན་ཆེ་བར་མངོན་ནོ། །འདོན་པའི་སྐབས་སུ་ལུས་གུས་པས་ཕྱག་འཚལ་བའམ་ཐལ་མོ་སྦྱར་བ། ངག་གུས་པས་དབྱངས་རྟ་སྙན་པོ་ལ་བསྐྱོན་ཅིང་ཚིག་རྗེས་དོན་དྲན་གྱིས་དལ་བུས་འདོན་པ། ཡིད་གུས་པས་དད་པ་དང་། མོས་གུས་རྩེ་གཅིག་པས་བློ་གཏད་ལིང་བསྐྱུར་ངང་སྐྱིད་སྡུག་མཐོ་དམན་ཅི་བྱུང་ཡང་རེ་ས་དང་སྐྱབས་གནས་སངས་རྒྱས་མགོན་པོ་འོད་དཔག་མེད་ལས་གཞན་གང་ཡང་མི་བསམ་པར་འདོན་པའོ། །དེ་རྣམས་རྒྱུ་དང་པོ་ཞིང་བཀོད་ཡིད་ལ་དྲན་པའི་ཁྲིད་མདོར་བསྡུས་སོ། །

རྒྱུ་གཉིས་པ་དགེ་རྩ་དཔག་མེད་བསག་པ་ལ་བརྒྱད་ལས། དང་པོ་ཚོགས་བསག་དགོས་པར་མདོར་བསྡུས་ཀྱི་སྒོ་ནས་བསྟན་པ། གཉིས་པ་ཕྱག་འཚལ་བ། གསུམ་པ་མཆོད་པ་འབུལ་བ། བཞི་པ་སྡིག་པ་རྣམས་བཤགས་པ། ལྔ་པ་རྗེས་སུ་ཡི་རང་བ། དྲུག་པ་ཆོས་འཁོར་བསྐོར་བར་སྐུལ་བ། བདུན་པ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། བརྒྱད་པ་བསྔོ་བ་དང་སྨོན་ལམ་བཅས་བརྒྱད་དོ། །དང་པོ་ཚོགས་བསག་དགོས་པར་མདོར་བསྡུས་ཀྱི་སྒོ་ནས་བསྟན་པ་ནི། 

བྱང་ཆུབ་ཀྱི་སེམས་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་དགོས་པ་ལ་དང་པོ་ཚོགས་བསག་སྒྲིབ་སྦྱང་ལ་བསྟེན་ནས་བསོད་ནམས་ངེས་པར་བསག་དགོས་ཏེ།སྐྱེ་བ་སྔོན་མ་ཚོགས་བསགས་རྒྱ་ཆེ་ཆུང་གི་དབང་གིས་སྐྱེ་བ་འདིར་མི་ཡི་དབང་ཐང་དང་། ནུས་པ། གཟི་བརྗིད་ཆེ་ཆུང་སོགས་བྱུང་ཞིང་། གལ་སྲིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་ཚོགས་བསག་དགོས་པ་ལྟ་ཅི། ཚེ་འདིར་ནད་མེད་པ་དང་། ཚེ་རིང་བ། ལུས་སེམས་བདེ་སྡུག་སོགས་ཀྱང་སྔར་རྒྱུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་བསགས་པའི་དབང་གིས་བྱུང་བ་ཁོ་ན་ཡིན་ནོ། ། མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་པ་ལྟར་རང་རེ་སེམས་ཅན་ཐམས་ཅད་སྐྱེ་བ་ཐོག་མ་མེད་པ་ནས་ད་བར་འཁོར་བར་འཁྱམས་པ་འདི་ཉིད་ཀྱང་གཙོ་བོ་བསོད་ནམས་མ་ཡིན་པའི་ལས་ཁོ་ན་མི་དགེ་བ་སྡིག་པའི་དབང་གིས་བྱུང་བ་ཡིན་ཏེ། ད་ནས་བཟུང་སྟེ་བསོད་ནམས་མ་ཡིན་པའི་ལས་སྡིག་པ་རྣམས་སྤང་ཞིང་བསོད་ནམས་དགེ་བའི་ལས་ཅི་ནས་ཀྱང་བསག་དགོས་སོ། །ནང་པ་སངས་རྒྱས་པའི་ཁྱད་ཆོས་ངོ་མ་ནི་རྒྱུ་འབྲས་མ་འཆོལ་བ་དེ་ཉིད་ཡིན་ཞིང་རྒྱུ་མི་དགེ་བ་ལས་འབྲས་བུ་བདེ་བ་དང་། རྒྱུ་དགེ་བ་ལས་འབྲས་བུ་སྡུག་བསྔལ་གཏན་ནས་འབྱུང་མི་སྲིད་དོ། །དུག་གི་ས་བོན་ལ་འབྲས་བུ་དུག་ལས་སྨན་མི་འབྱུང་ཞིང་། དེ་བཞིན་དུ་རྒྱུ་སྨན་གྱི་ས་བོན་ལས་འབྲས་བུ་སྨན་ལས་དུག་མི་འབྱུང་བ་བཞིན་དུ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་དང་། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བའོ། །ལྷག་པར་དུ་རང་རྒྱུད་ལ་དམ་པའི་ཆོས་ཀྱི་ས་ལམ་གྱི་ཡོན་ཏན་རྟོགས་པ་རྒྱུད་ལ་སྐྱེ་དགོས་ན་ངེས་པར་དུ་དེའི་མི་མཐུན་ཕྱོགས་ཀྱི་གེགས་དང་བར་ཆད་རྣམས་བསལ་དགོས། བར་ཆད་ལ་མང་ཡང་འབྱུང་བཞིའི་ཕྱི་ཡི་བར་ཆད། ནད་གདོན་ནང་གི་བར་ཆད། གཉིས་འཛིན་དང་རྣམ་རྟོག་སོགས་གསང་བའི་བར་ཆད་རྣམས་ཡོད་ཀྱང་གཙོ་བོ་ནི་ཐར་པ་དང་། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སུ་འདུས་པས་དེ་ཉིད་སེལ་བར་བྱེད་པ་ལ་ཚོགས་བསག་སྒྲིབ་སྦྱང་ཁོ་ན་ལས་ཐབས་ལམ་གཞན་མེད་དོ། །དེ་ཡང་གྲུབ་ཆེན་ཏཱེ་ལོ་པའི་ཞལ་ནས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་ལ། དེ་འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་གསུངས་པ་ལྟར་ཇི་སྲིད་བྱང་ཆུབ་སྙིང་པོའི་གོ་འཕང་མ་ཐོབ་བར་དུ་དེ་སྲིད་དུ་ཚོགས་གཉིས་བསག་པ་འདི་ལམ་གྱི་སྙིང་པོར་གཟུང་དགོས་སོ། །ཚོགས་གསོག་ཐབས་ལ་རྣམ་པ་མང་ཡང་མདོར་བསྡུས་ན་ཡན་ལག་བདུན་པའི་ཁོངས་སུ་མ་འདུས་པ་མེད་དོ། །

གཉིས་པ་ཕྱག་འཚལ་བ་ནི།

སྤྱིར་བཏང་ཕྱག་འཚལ་ཞེས་པའི་ཚིག་གཉིས་པོ་འདི་ལ་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་དེ། ཕྱག་ཞེས་པ་ནི་རང་གི་སྐྱབས་ཡུལ་བླ་མ་ཡི་དམ་གང་ཡིན་པ་རྣམས་ལ་རང་གི་སྒོ་གསུམ་གྱི་དབང་ཚད་ཡོངས་རྫོགས་ཕྱག་ཏུ་འབུལ་རྒྱུ་དེ་ལ་གོ་དགོས། འགྲེལ་ལུགས་གཞན་ཞིག་ལ་གོང་གི་སྐྱབས་ཡུལ་རྣམས་ཀྱིས་རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱང་བའམ་ཕྱག་པ་ལའང་གོ་ཞིང། འཚལ་ཞེས་པ་ནི་སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་་ཐུགས་ཀྱི་བྱིན་རླབས་རང་རྒྱུད་ལ་ལེགས་པར་ཐོབ་པ་ལ་འདོད་ཅེས་གསུངས་སོ། ། ཕྱག་ནི་ཉོན་མོངས་ང་རྒྱལ་གྱི་གཉེན་པོ་ཡིན། ང་རྒྱལ་ལ་དབྱེ་ན་བདུན་ཡོད་དེ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ། མངོན་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་དང་བདུན་ནོ། །དེ་ལྟ་བུའི་ང་རྒྱལ་བདུན་པོ་གང་རུང་ཞིག་རང་རྒྱུད་ལ་ཡོད་ན་དཀར་པོའི་ཆོས་ཀྱི་ཡོན་ཏན་སྐྱེ་བའི་གེགས་དང་བར་ཆད་ཡིན་ཞིང་། རང་རྒྱུད་ང་རྒྱལ་གྱིས་ཁེངས་ནས་གཞན་ལ་གུས་འདུད་དང་ཕྱག་འཚལ་བ་སོགས་མི་བྱེད། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས། ཟེར་བ་ལྟར་དཀར་ཆོས་ཀྱི་ཡོན་ཏན་གང་ཡང་རང་རྒྱུད་ལ་མི་སྐྱེ་བ་མ་ཟད་རང་རྒྱུད་ང་རྒྱལ་གྱིས་ཁེངས་ནས་གཞན་ལ་ཁྱད་གསོད་དང་། བརྙས་བཅོས་སོགས་མི་དགེ་བའི་དབང་གིས་མཐར་ངན་སོང་དུ་འགྲོ་བ་ཡིན་ཏེ། ཞི་བ་ལྷས། ཉོན་མོངས་ང་རྒྱལ་གྱིས་ཁེངས་ནས། །ངན་འགྲོར་ང་རྒྱལ་གྱིས་འཁྲིད་དོ། །ཞེས་གསུངས་པ་ལྟར་རོ། །ཕྱག་འཚལ་བའི་སྐབས་སུ་རང་ཉིད་གཅིག་པུ་མ་ཡིན་པར་རང་ལུས་བརྒྱ་སྟོང་མང་པོར་སྤྲུལ་ནས་ཕྱག་འཚལ་ཞིང་། རང་གིས་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་པའི་དེད་དཔོན་ནམ་གཙོ་བོ་ལྟར་བྱས་ནས་མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བར་བསྒོམ་དགོས། སྤྱིར་ཕྱག་འཚལ་བའི་སྐབས་སུ་གཡས་སུ་ད་ལྟའི་རང་གི་ཕ། གཡོན་དུ་མ། མདུན་དུ་རང་གི་དགྲ་བོ། རྒྱབ་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཡོད་བསམ་པའི་ཐོག་ནས་ཕྱག་འཚལ་དགོས་སོ། །ཕྱག་འཚལ་བ་ལ་སྤྱིར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མང་པོ་གསུངས་ཡོད་ཀྱང་གཙོ་བོ་ནི་ཉོན་མོངས་པ་ང་རྒྱལ་གྱི་གཉེན་པོ་བྱེད་དོ།

།གསུམ་པ་མཆོད་པ་འབུལ་བ་ནི།

རང་རྒྱུད་སེར་སྣས་བཅིངས་ན་ཡར་མཆོད་མར་སྦྱིན་སོགས་གང་ཡང་བྱེད་མི་བྲ་ནས་འཇུངས་པའི་དབང་གིས་ཚོགས་བསག་གི་གེགས་སུ་འགྱུར་བས་དེ་ལ་མཆོད་འབུལ་བྱེད་དགོས། ད་ལྟ་རང་ཉིད་ལ་རྒྱུ་དང་དཔལ་འབྱོར་གྱིས་གནས་སྐབས་མི་ཕོངས་པ་ཙམ་ཞིག་ཡོད་པ་དེ་ནི་སྐྱེ་བ་སྔོན་མ་ཡར་མཆོད་མར་སྦྱིན་སོགས་ཚོགས་བསགས་བྱས་པའི་འབྲས་བུ་ཡིན་ཞིང་སྐྱེ་བ་ཕྱི་མར་བདེ་ནས་བདེ་བར་འགྲོ་འདོད་མཁན་ཞིག་ཡིན་ན་ད་ལྟ་ནས་ཀྱང་རྒྱུ་ཚོགས་བསག་ལ་འབད་དགོས་སོ། །རང་ཉིད་ལ་དཔལ་འབྱོར་དང་དངུལ་སོགས་ཇི་ཙམ་ཡོད་ཀྱང་འདོད་རྔམ་གྱི་སེམས་མ་རུང་བ་འདི་ལ་དུས་ནམ་ཡང་ཁེངས་དུས་ཤིག་མེད་ཅིང་། དཔེར་ན་དཔལ་འབྱོར་དང་ལོངས་སྤྱོད་ཇི་ཙམ་ཡོད་ཀྱང་དེ་ཙམ་གྱིས་སེར་སྣ་ཇེ་ཆེ་ལ་འགྲོ་ཞིང་། མཐར་རང་ཉིད་གཅིག་པུར་འགྲོ་བའི་སྐབས་སུ་སེམས་རྒྱུ་ནོར་ལ་ཆགས་ཤིང་ཞེན་ནས་ལུས་ངན་བླངས་པའི་གཏམ་རྒྱུད་མང་པོ་ཡོད་པས་དེ་རིང་འདིར་མང་དུ་དོགས་ནས་མི་སྤྲོའོ། །མདོ་ལས། གང་ལ་དཔལ་འབྱོར་ཡོད་ན་དེ་ལ་སེམས་ཀྱི་སྡུག་བསྔལ་ཆེ། ཞེས་གསུངས་སོ། །དཔེར་ན་དང་པོ་དངུལ་དང་དཔལ་འབྱོར་སོགས་མི་རྙེད་པའི་སྡུག་བསྔལ། བར་དུ་སྲུང་མི་ཐུབ་པའི་སྡུག་བསྔལ། ཐ་མར་འཛད་པའི་སྡུག་བསྔལ་ཞེས་ཇི་སྲིད་རང་གི་སེམས་ལ་ཆོག་ཤེས་མེད་ན་དེ་སྲིད་དུ་སེམས་དཔལ་འབྱོར་གྱི་རྗེས་སུ་བཏང་ན་སྡུག་བསྔལ་གྱི་མཐའ་མེད་དོ། ། 

སངས་རྒྱས་ཀྱིས་མདོ་ལས། ནོར་གྱི་མཆོག་ནི། ཤེས་རབ་དང་། དད་པ། སྙིང་རྗེ། གཏོང་བ། ཆོག་ཤེས། ཚུལ་ཁྲིམས་སོགས་ཡིན་ཅེས་གསུངས་སོ། །རྒྱུ་མཚན་དེ་ཉིད་ཀྱིས་གནས་སྐབས་དངུལ་དང་དཔལ་འབྱོར་ཡོད་ན་མི་དགོས་སར་དོན་མེད་རྒྱས་སྤྲོས་དང་ཆུད་ཟོས་སུ་མི་གཏོང་བར་ཚོགས་བསག་གི་ཞིང་དང་ཉམ་ཐག་སེམས་ཅན་སོགས་ལ་སྦྱིན་གཏོང་སོགས་བྱས་ན་ནོར་གྱིས་གོ་ཆོད་པ་ཡིན་ནོ། །

མཆོད་པ་ལའང་དངོས་སུ་འབྱོར་བའི་མཆོད་པ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དང་། གདོད་ནས་གྲུབ་པའི་མཆོད་པ་དང་། ལུས་ལོངས་སྤྱོད་དང་བཅས་པའི་མཆོད་པ་དང་། ཕྱི་ཡི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ་སོགས་ཧ་ཅང་མང་ཞིང་རྒྱས་ལ། དང་པོ་དངོས་སུ་འབྱོར་བའི་མཆོད་པ་ལ། རང་ཉིད་ལ་དངོས་སུ་ཡོད་པའི་དཔལ་འབྱོར། རྒྱུ། ནོར། ལོངས་སྤྱོད་དང་བཅས་པ་འབུལ་བ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ལ། རང་གི་བློ་ཡིས་བསམ་པའི་སྟོབས་ཀྱིས་ཆེན་པོ་ལ་འོས་པའི་བཀྲ་ཤིས་རྟགས་བརྒྱད་དེ། གདུགས། གསེར་ཉ། བུམ་པ། པདྨ། དཔལ་བེའུ། རྒྱལ་མཚན། འཁོར་ལོ། དུང་དཀར་གཡས་འཁྱིལ་བཅས་བདུན་ནོ། རྣམས་དང་། མཆན།  རྒྱལ་སྲིད་སྣ་བདུན་སྟེ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་རྣམས་འབུལ་བ་ལྟ་བུ་དང་། མཆན།

འདོད་ཡོན་རྣམ་པ་ལྔ་ནི། གཟུགས། སྒྲ། དྲི། རོ། རེག་བྱ། བཅས་ལྔའོ། མཆན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟར་སྒོམ་པའི་སྟོབས་ཀྱིས་ཡིད་ཀྱིས་སྤྲུལ་ནས་མཆོད་པའོ། །གདོད་ནས་གྲུབ་པའི་མཆོད་པ་ལ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་སོགས་ཆོས་མངོན་པ་མཛོད་ཀྱི་གཞུང་ལས་གསལ་བ་ལྟར། ཉི་མ། ཟླ་བ། རྒྱ་མཚོ། ནགས་ཚལ། མེ་ཏོག་དང་། སྐྱེད་ཚལ། ས་ཆུ་མེ་རླུང་སོགས་གདོད་ནས་གྲུབ་པའི་རང་བྱུང་ཁམས་ཀྱི་དངོས་པོ་རྣམས་སོ། །ལུས་ལོངས་སྤྱོད་དང་བཅས་པའི་མཆོད་པ་ལ། རང་ལ་ཧ་ཅང་གཅེས་པའི་སྒྱུ་ལུས་འདི་ཉིད་ཀྱང་དེ་རིང་ནས་བཟུང་སྟེ་མགོན་པོ་འོད་དཔག་མེད་གཙོ་འཁོར་རྣམས་ལ་ཆགས་ཞེན་སྤུ་ཙམ་ཡང་མེད་པར་བློས་ཐག་བཅད་ནས་འབུལ་བ་དང་། མ་ཟད་རང་ཉིད་ཀྱིས་བདག་ཏུ་བཟུང་བའི་ལོངས་སྤྱོད་ཁང་ཞིང་། རྒྱུ་ནོར་དཔལ་འབྱོར་སོགས་རང་ལ་གང་གཅེས་པ་དེ་ཉིད་དམིགས་ཀྱིས་བཀར་ཏེ་མགོན་པོ་འོད་དཔག་མེད་ལ་རང་གཞན་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་ཆེན་ཞིང་དུ་འདྲེན་པའི་ཡོན་དུ་འབུལ་བའོ། །མཆོད་པས་ཚོགས་བསགས་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་གཙོ་བོ་ནི་ཉོན་མོངས་པ་སེར་སྣའི་གཉེན་པོ་ལ་དངོས་སུ་འགྲོ་བའོ། །

བཞི་པ་སྡིག་པ་བཤག་པ་ནི།

 སྡིག་པའི་འབྱུང་ཁུངས་ནི་སྤྱིར་མ་ཤེས་པའི་དབང་གིས་བྱུང་བ་དང་། ལྷག་པར་དུ་ལྟུང་བ་འབྱུང་བའི་སྒོ་བཞི་ལས་བྱུང་བ་ཡིན་ཞིང་། ལྟུང་བ་འབྱུང་བའི་སྒོ་བཞི་ནི། མ་ཤེས་པ། མ་གུས་པ། བག་མེད་པ། ཉོན་མོངས་པ་མང་བ་བཅས་བཞིའོ། །སྡིག་པ་ཞེས་པ་ནི་ལུས་ངག་གི་དབང་གིས་གཞན་ལ་གནོད་པའི་བསམ་སྦྱོར་གྱི་དབང་གིས་བྱུང་བའི་འབྲས་བུ་ཞིག་ཡིན།དཔེར་ན་གཞན་གྱི་རྒྱུ་ནོར་ལ་བརྔམས་ནས་རྐུ་བྱས་པ་དང་། གཞན་ལ་མགོ་སྐོར་བཏང་བ་ལྟ་བུ་ཡིན། དེ་རྣམས་ནི་མ་ཤེས་པ་དང་ཉོན་མོངས་པ་མང་བ་སོགས་ཀྱི་དབང་གིས་འབྱུང་བ་ཡིན། མ་ཤེས་པའི་དབང་གིས་བྱུང་བའི་སྡིག་པ་ནི་དྲན་ཤེས་མེད་པའི་དབང་གིས་ཡིན་ཞིང་། ནམ་ཞིག་དྲན་ཤེས་ཀྱིས་ཟིན་ན་སྡིག་ལས་ལ་འགྱོད་པ་སྐྱེས་པ་ཡོང་ཞིང། མི་ཞིག་གིས་ད་ནངས་ཞོགས་པ་ང་ཡི་བརྩེ་བའི་སྐྱེས་མ་དང་མཉམ་དུ་འཁྲུག་རྩོད་བྱུང་ཡང་དེ་རིང་ཧ་ཅང་སྐྱིད་པོ་བྱུང་ཟེར་མཁན་གྱི་ཁྱོ་ག་གཅིག་ཀྱང་མེད། སོ་སོའི་བརྩེ་བའི་བཟའ་ཟླ་དང་མཉམ་དུ་འཁྲུག་པ་བྱས་ནས་འཚོ་བ་སྐྱེལ་འདོད་སུ་གང་ལའང་མེད། ཡིན་ནའང་སྐབས་རེར་ནོར་འཁྲུལ་དང་ཉོན་མོངས་སོགས་ཀྱི་རྐྱེན་གྱིས་ཡོང་གི་ཡོད། སྡིག་ལས་བྱུང་ཚར་མ་ཐག་མི་དེ་འགྱོད་པས་གདུང་གི་ཡོད། དེ་གང་ཡིན་ཞེ་ན་ཉོན་མོངས་ནི་གློ་བུར་བ་ཞིག་དང་། མི་ཡི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཅན་ཡིན་པར་ཤེས་དགོས། སྡིག་པ་ནི་མ་ཤེས་པ་དང་། གཞན་ཉོན་མོངས་དང་། དེ་བས་ཀྱང་དྲན་ཤེས་ཉམས་པའི་དབང་གིས་བསགས་པ་ཡིན། སྡིག་པ་བྱུང་ནའང་དེ་མ་ཐག་ཏུ་བཤགས་ན་ངེས་པར་འདག་པར་འགྱུར་བས་ཅི་ནས་ཀྱང་སྡིག་བཤགས་ལ་བརྩོན་དགོས་སོ། །སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་འདག་རྒྱུ་ཡོད་པ་ནི་སྡིག་པའི་ཡོན་ཏན་ཡིན། ཞེས་གསུངས་པ་ལྟར་སྡིག་པ་འཆགས་ཐབས་རྣམ་པ་མང་ཡང་གལ་ཆེ་ཤོས་ནི་སྟོབས་བཞི་ལ་བསྟེན་ནས་བཤག་དགོས་ཤིང་།

 དེ་ལ་དང་པོ་སྟོབས་བཞི་ནི། རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །

དང་པོ་རྟེན་གྱི་སྟོབས་ནི། མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ། མཁའ་འགྲོ་དང་ཆོས་སྐྱོང་། དཀོན་མཆོག་གསུམ་ལ་སོགས་པ་ཚང་མ་གཅིག་འདུས་ཀྱི་ངོ་བོ་སངས་རྒྱས་འོད་དཔག་མེད་ཡིན་བསམ་པའི་སྒོ་ནས་སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཚང་མ་གཅིག་ཆོག་རྒྱལ་པོའི་ངོ་བོར་བློ་གཏད་ཡིད་ཆེས་ཀྱིས་མདུན་གྱི་ནམ་མཁར་གསལ་བཏབ་ཅིང་སྐྱབས་གནས་བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད་གཙོ་འཁོར་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་རྣམས་ཀྱི་ལུས་ལ་ཞུགས་པ་དང་མཉམ་དུ་སེམས་ཅན་རྣམས་ཀྱི་ཐོག་མེད་ནས་བསགས་པའི་སྡིག་ལྟུང་རྣམས་དཔེར་ན་མུན་ཁང་དུ་ཉི་མ་ཤར་བ་བཞིན་སྐད་ཅིག་ཉིད་ལ་ལྷག་མེད་དུ་དག་སོང་བསམ་པའི་ངང་ནས། བདེ་ཆེན་ཞིང་གི་སྒྲུབ་ཐབས་ལམ་གྱི་རིམ་པའི་ཆོ་ག་ཟབ་མོ་འདི་ལ་ཚིག་རྗེས་དོན་དྲན་གྱིས་སྒྲ་དག་སྒྲོས་གཙང་དང་ལྡན་པའི་ངང་ནས་ཡིད་གཞན་དུ་མ་ཡེངས་པར་དགའ་སྤྲོ་ལྷང་ལྷང་དུ་འདོན་པའོ། །

གཉིས་པ་རྣམ་པར་སུན་འབྱིན་པའི་སྟོབས་ནི།

སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོས་དུག་ཁོག་ཏུ་སོང་བ་ལྟར་སྡིག་ལྟུང་ཅི་བྱས་རྣམས་དངོས་སུ་མིང་

ནས་སྨོས་ཏེ་བཤགས་པ་ལྟར། དཔེར་ན་མི་ཞིག་གིས་ཁ་ཟས་དུག་དང་ནོར་ནས་ཟོས་ན་རང་དགར་བག་མེད་ལ་མི་འདུག་ཅིང་དུག་དེའི་གཉེན་པོ་སྨན་པ་མཁས་པ་བཙལ་བ་ལྟར། རང་རེ་སེམས་ཅན་རྣམས་ཀྱིས་ཀྱང་ཆགས་སྡང་མི་བཟད་པའི་དབང་གིས་སྡིག་པ་ཚབས་ཆེན་བཙན་དུག་ཟོས་པ་ནང་བཞིན་བསགས་པ་ལ་ཇི་མི་སྙམ་པར་མི་འདུག་པར་འགྱོད་གདུང་དྲག་པོས་བཤགས་པ་བྱེད་དགོས། 

གསུམ་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། 

དཔེར་ན། དུག་ཁོག་ཏུ་ཤོར་བའི་མི་ཞིག་གིས་སྔར་གྱི་དུག་ནད་ཀྱི་སྡུག་བསྔལ་ལ་བསམས་ནས་ཕྱིས་དུག་གཏན་ནས་ཟ་འདོད་མེད་པ་ཇི་བཞིན་སྔར་བྱས་ཀྱི་སྡིག་པ་ཚབས་ཆེན་དེ་ལ་སྡིག་པ་རུ་ངོས་ཟིན་ནས་ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་སྡིག་པ་དེ་འདྲ་གཏན་ནས་མི་བྱེད་སྙམ་པའི་དམ་བཅའ་ཞིང་། ཚེ་སྟོད་ཧ་ཅང་འགྱོད་དགོས་པའི་བཤག་རྒྱུའི་སྡིག་པ་གང་བྱས་པ་རྣམས་བློ་ངོས་སུ་ལྷང་ལྷང་འཁོར་བར་བྱས་ནས་བདེ་སྨོན་གཞུང་ཚིག་ནང་ནས་འབྱུང་བ་ལྟར། བཅས་པའི་སྡིག་པ་དང་། རང་བཞིན་གྱི་སྡིག་པ། མཚམས་མེད་ཀྱི་ལས་ངན་བསགས་པ་སོགས་ཚིག་རྗེས་དོན་དྲན་གྱི་སྒོ་ནས་ད་ཕྱིན་ཆད་སྡིག་པ་དེ་འདྲ་བ་གཏན་ནས་མི་བྱེད་བསམ་པའི་རང་ངོས་ནས་ངོ་ཚ་བ་དང་། གཞན་ངོས་ནས་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤག་དགོས་ཏེ།

སྤྱོད་འཇུག་ལས། བདག་ནི་མི་ཤེས་གཏི་མུག་པས།། རང་བཞིན་ཁ་ན་མ་ཐོའམ།། བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས།། མགོན་པོའི་སྤྱན་སྔར་མངོན་སུམ་དུ།། ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས།། ཡང་དང་ཡང་དུ་ཕྱག་འཚལ་ཏེ།། དེ་དག་ཐམས་ཅད་བཤག་པར་བགྱི།། འདྲེན་པ་རྣམས་ཀྱིས་བདག་གི་སྡིག། ནོངས་པ་ལགས་པར་གཟུང་དུ་གསོལ།། འདི་ནི་བཟང་པོ་མ་ལགས་པས།། སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་འགྱོད་སེམས་མི་བཟད་པས་བཤགས་པ་བྱེད་དགོས་སོ། 

།བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། 

རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མྱང་བར་འགྱུར་བ་ལ་སྐྲག་སྟེ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་བཅོས་མ་མ་ཡིན་པའི་ངང་ནས་རང་ནུས་གང་ཡོད་ཀྱིས་དགེ་སྒྲུབ་སྡིག་སྤོང་བྱེད་ཅིང་། ལྷག་པར་དུ་ཚོགས་ཞིང་གི་གཙོ་བོ་སངས་རྒྱས་འོད་དཔག་མེད་གསལ་བར་དྲན་པའི་ངང་ནས་སྒོམ་ཞིང་ངག་ནས་ཨ་མི་དྷེ་ཝ་སོགས་གཟུངས་སྔགས་རིང་ཐུང་རྣམས་གང་ཤེས་འདོན་ཞིང་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་པ་བྱེད་པའོ། །སྡིག་པ་ལ་འགྱོད་པ་ནི་ཧ་ཅང་གནད་འགག་ཅིག་ཡིན། འགྱོད་པ་ནི་སེམས་བྱུང་ང་གཅིག་གི་ནང་གསེས་གཞན་འགྱུར་བཞིའི་ནང་གསེས་ཤིག་ཡིན་ཞིང་དགེ་བ་ལ་འགྱོད་ན་སྡིག་པར་འགྱུར་ཞིང་། སྡིག་པ་ལ་འགྱོད་ན་དགེ་བར་འགྱུར་བས་དང་པོ་གང་ལ་འགྱོད་དགོས་པ་ཤེས་པ་གལ་ཆེའོ། །བཤགས་པ་ལ་ཕན་ཡོན་མང་ཡང་མདོར་ན་ཉོན་མོངས་ཞེ་སྡང་གི་གཉེན་པོར་འགྱུར་ཞེས་གསུངས་སོ།

ལྔ་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི།

སོ་སོའི་ལུས་ངག་དཀའ་ཚེགས་ཀྱི་དགེ་བ་གང་ཡང་བྱེད་མ་དགོས་པར་མལ་ས་དྲོད་མོར་འདུག་བཞིན་བསམ་བློའི་གཏོང་ཕྱོགས་གཞན་དག་ཅིག་གིས་དགེ་བ་རླབས་པོ་ཆེ་བྱེད་ཐུབ་པ་ནི་རྗེས་སུ་ཡི་རངས་འདི་ཉིད་གཅིག་པུ་ཡིན་ལ། དེ་ཡི་མི་མཐུན་ཕྱོགས་ཀྱང་རང་ཉིད་ཀྱིས་ལུས་ངག་གི་དཀའ་ཚེགས་དང་བཅས་པའི་སྒོ་ནས་དགེ་བ་ཇི་ལྟར་བྱས་ཀྱང་གཞན་ལ་ཕྲག་དོག་བྱས་པ་ཡིན་ན་ལུས་ངག་གི་དགེ་རྩ་ལོ་གྲངས་མང་པོར་བསགས་པ་རྣམས་ཀྱང་མྱུར་དུ་འཇོམས་བྱེད་ཀྱི་ཕྱགས་མ་ལྟ་བུ་ནི་ཕྲག་དོག་ཉིད་ཡིན་ནོ། །དགེ་བ་སྒྲུབ་སྟངས་ཇི་བཞིན་མ་ཤེས་ཤིང་ཀུན་སློང་བསམ་པ་བཟང་པོའི་རྩིས་མ་ཟིན་ན་དགེ་བར་མི་འགྱུར་ཏེ། ཞི་བ་ལྷས། དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །ཞེས་གསུངས་པ་ལྟར་རོ། །རྗེས་སུ་ཡི་རང་གི་མི་མཐུན་ཕྱོགས་ནི་ཕྲག་དོག་ཡིན་ཏེ་རང་རྒྱུད་ལ་འགྲན་སེམས་དང་ཕྲག་དོག་སོགས་ཡོད་ན་རང་རྒྱུད་དུས་ནམ་ཡང་ཞི་བ་དང་དུལ་བའི་སྐབས་མེད་ལ། རང་རྒྱུད་ལ་ཞི་བ་དང་དུལ་བ་མེད་ན། བློ་དགེ་བའི་ཕྱོགས་སུ་བཀོལ་མི་བཏུབ་ཅིང་། ཉིན་མཚན་ཀུན་ཏུ་སེམས་འཁྲུགས་ནས་སེམས་ལ་ཞི་བདེའི་སྣང་བ་གཏན་ནས་མེད་དོ། །སེམས་འཁྲུག་བཞིན་པའི་སྐབས་སུ་དགེ་སྦྱོར་ལ་ཇི་ལྟར་བརྩོན་ཁུལ་བྱས་ཀྱང་འབྲས་བུ་ཡེ་མི་འབྱུང་སྟེ། དཔེར་ན་ཞིང་ས་ཐ་རྒོད་སྐམ་པོར་ལོ་ཏོག་བཏབ་ཀྱང་འབྲས་བུ་མི་འབྱུང་བ་བཞིན་ནོ། །དགེ་བ་སྒྲུབ་སྟངས་ཤེས་ན་ཚེགས་ཆུང་ངུས་ཀྱང་དགེ་རྩ་རླབས་པོ་ཆེ་འགྲུབ་པ་མ་ཟད་ལུས་ངག་གི་མི་དགེ་བ་ཡང་དགེ་བར་འགྱུར་བའི་སྐབས་ཡོད་དོ། །དང་པོ་ལུས་ངག་གི་དགེ་བ་ལ་མ་ཞུགས་པའི་གོང་དུ་ཀུན་སློང་བཟང་ངན་གྱི་སེམས་ལ་བརྟག་པ་གལ་ཆེ་སྟེ། དགེ་སྡིག་གང་བྱས་པ་རྣམས་ཀུན་སློང་བཟང་ངན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ལས་ལྟར་སྣང་གི་དགེ་སྡིག་དངོས་པོ་ཆེ་ཆུང་གི་རྗེས་སུ་ནི་མི་འགྲོ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས།། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་སོ། །དེ་ལ་རང་གིས་དགེ་བ་རྒྱ་ཆེན་མ་འགྲུབ་ཀྱང་གཞན་གྱི་དགེ་བ་བྱེད་པ་དང་།སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་གཞེངས་པ། དགེ་འདུན་གྱི་སྡེ་མང་བསྐྱངས་པ། ཐོས་བསམ་སྒོམ་གསུམ་བྱས་པ། གང་ལྟར་གཞན་གྱི་དཔལ་དང་འབྱོར་པ། ལེགས་བྱས་གང་བགྱིས་པ་རྣམས་དངོས་སུ་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ལ་སོགས་པ་ལ་ཕྲག་དོག་མེད་པའི་ངང་ནས་བསམ་པ་ཐག་པས་ཡི་རང་ཞིང་དགའ་ཚོར་ཆེན་པོ་སླེབས་པ་ཞིག་དགོས་སོ། །དེ་ལྟར་གཞན་གྱི་དཔལ་དང་ཕུན་ཚོགས་སོགས་ལ་ཕྲག་དོག་མེད་པར་དགའ་ཚོར་བྱུང་ན་དེ་ལ་ཡི་རང་ཟེར། ཡི་རང་ནི་ཕྲག་དོག་གི་གཉེན་པོ་ཡིན་པས་གང་ལ་ཡི་རང་ཡོད་ན་དེ་ལ་ཕྲག་དོག་མེད་ཅིང་གང་ལ་ཕྲག་དོག་ཡོད་ན་དེ་ལ་ཡི་རང་མེད་པའོ། །དེ་ལྟར་དུ་གཞན་གྱི་དགེ་བ་ལ་ཕྲག་དོག་མེད་པར་ཡི་རང་བྱས་ན་ཡི་རང་དེ་ཉིད་ཀྱི་བསམ་པའི་སྟོབས་ཀྱིས་གཞན་གྱིས་དགེ་བའི་བསོད་ནམས་གང་བསགས་པ་དེ་ཉིད་ཁྱོད་རང་ལ་མཉམ་དུ་འཐོབ་ཅེས་གསུངས།  དེའང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། གཞན་གྱི་དགེ་བ་བྱེད་པ་ཐོས་པའི་ཚེ།། དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།། སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན།། དེ་ཡི་བསོད་ནམས་མཉམ་དུ་འཐོབ་པར་གསུངས། །ཞེས་གསུངས་སོ། །སྒྲུང་ཐུང་ཞིག་དང་སྦྱར་ནས་བཤད་ན། སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་རྒྱལ་པོ་གསལ་རྒྱལ་གྱིས་ཉིན་གཅིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དགྲ་བཅོམ་པ་ལྔ་བརྒྱ་འཁོར་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་གདན་དྲངས་ནས་ཉིན་གུང་བསོད་སྙོམས་ཀྱི་མཆོད་པ་ཕུལ་བའི་ཚེ། ཡུལ་དེར་དབུལ་མོ་གྲོང་ཉུལ་མ་ཞེས་ཧ་ཅང་ཉམ་ཐག་གི་སྤྲང་མོ་ཞིག་ཡོད་པ་དེར་ཡོང་ནས་རྒྱལ་པོ་གསལ་རྒྱལ་གྱི་དགེ་རྩ་ལ་ཡི་རང་བྱས་པས་སངས་རྒྱས་ཀྱིས་མངོན་ཤེས་ཀྱིས་སྤྲང་མོ་དེ་ཉིད་ཀྱི་རྗེས་སུ་ཡི་རང་གི་སེམས་ཀྱི་རྟོག་པ་ཉིད་དེ་མ་ཐག་ཏུ་མཁྱེན་ནས་སངས་རྒྱས་ཀྱིས་གྲོགས་པོ་རྒྱལ་པོ་གསལ་རྒྱལ་ལ་དེ་རིང་གི་དགེ་རྩ་འདི་རྒྱལ་པོ་ཁྱོད་ལས་བསོད་ནམས་ལྷག་པ་ཞིག་ཡོད་པ་དེ་ལ་བསྔོའམ་ཁྱོད་ལ་བསྔོ་ཞེས་གསུངས་པས། རྒྱལ་པོའི་བསམ་པར་དེ་རིང་ངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཁོར་ཉན་ཐོས་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ལ་ཉིན་གཅིག་རིང་བསོད་སྙོམས་དྲངས་ཤིང་ས་སྟེང་འདི་ལ་ང་ལས་ལྷག་པའི་བསོད་ནམས་ཅན་ཞིག་ག་ལ་ཡོད། གལ་སྲིད་ཡོད་ན་དེ་ལ་ཕུལ་ཅིག་ཅེས་མཚར་རྩེད་དང་བཅས་ཞུས་པས་སངས་རྒྱས་ཀྱིས་དབུལ་མོ་དེ་ཉིད་ཀྱི་མིང་ནས་བཟུང་སྟེ།

བཟང་པོས་ཞུས་པའི་མདོ་ལས། གང་གིས་སྦྱིན་པ་གང་ལ་སྦྱིན།། སྦྱིན་པ་ཇི་ལྟར་མི་དམིགས་པ།། སྦྱིན་པ་མཉམ་པ་དེ་ཉིད་ཀྱིས།། སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག། རྒྱལ་པོ་སྦྱིན་བདག་ཉིད་དང་ཡང་།། སེམས་ཅན་དམན་པ་གཞན་དག་ལ།། ཚེ་རིང་ནད་མེད་ཕུན་སུམ་ཚོགས།། རྟག་ཏུ་བདེ་བ་འཐོབ་པར་ཤོག །ཅེས་སོགས་ཤོ་ལོ་ཀ་གཉིས་ཀྱི་བསྔོ་བ་མཛད་པས་དགེ་རྩ་རྣམས་དབུལ་མོ་དེ་ཉིད་ལ་ཐོབ་ཅིང་མཐར་དབུལ་མོ་དེ་ཉིད་ཚེ་ལས་འདས་ནས་སྐྱེ་བ་རྗེས་མར་ལྷ་ཡི་བུ་མོ་ཡིད་དུ་འོང་བ་ཞིག་གི་སྐྱེ་བ་བཞེས་པའི་ལོ་རྒྱུས་ཡོད་ཅིང་། དཀའ་ཚེགས་དང་འགྲོ་སོང་སོགས་གང་ཡང་མི་དགོས་པའི་ཆོས་གཅིག་ཡོད་པ་དེ་ནི་གཞན་གྱི་དགེ་རྩ་དང་ལེགས་བྱས་ལ་རྗེས་སུ་ཡི་རང་བྱེད་རྒྱུ་དེ་ཡིན་པས་གང་ཟག་ཤེས་ལྡན་སུ་ཞིག་གིས་དགེ་རྩ་འདི་ཉིད་གལ་ཆུང་དུ་མི་འཇོག་པར་ངེས་པར་འབད་དགོས་སོ། །ཕན་ཡོན་ཡང་མདོ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བའི་ཚད་གཟུང་རུང་།། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན།། ཅེས་གསུངས་སོ། །རྗེས་སུ་ཡི་རང་ནི་ཕྲག་དོག་གི་དངོས་ཀྱི་གཉེན་པོ་ཡིན་ནོ། །

དྲུག་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི།

འཇིག་རྟེན་གྱི་ཁམས་འདིར་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་རྒྱུ་ཉག་གཅིག་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་དམ་པའི་ཆོས་འདི་གཅིག་པུ་ཡིན་ཏེ། གནས་སྐབས་ཙམ་གྱི་སྐྱབས་གནས་དངུལ་དང་། རྒྱུ་ནོར། མིང་དང་སྐད་གྲགས། ཐོབ་དང་དབང་ཐང་སོགས་བྱས་ན་གནས་སྐབས་ཙམ་ལས་མཐར་ཐུག་སྐྱབས་མི་ཐུབ། གང་ཡིན་ཞེ་ན་དེ་རྣམས་ནི་སྐྱབས་གནས་ཡང་དག་མིན་ཞིང་འདུས་བྱས་ཀྱི་ཆོས་མི་རྟག་པར་འགྱུར་བའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་སྐྱབས་ཀྱི་མཐར་ཐུག་དུས་ནམ་ཡང་མི་བསླུ་བ་ནི་མཆོག་གསུམ་དང་དེ་ལས་ཀྱང་དམ་པའི་ཆོས་ཀྱི་ལམ་འདི་ཉིད་ཡིན་པར་ཤེས་དགོས་སོ། །གལ་སྲིད་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་རྣམས་ཡོད་ཀྱང་དེ་རྣམས་ཀྱིས་བླང་དོར་གྱི་དམ་པའི་ཆོས་ཀྱི་འོད་སྣང་མ་བསྟན་ན་སེམས་ཅན་རྣམས་ཀྱི་རྨོངས་པའི་མུན་པ་བསལ་མི་ཐུབ་པས་ཅི་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་དགོས་སོ། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སངས་རྒྱས་ནས་བདུན་ཕྲག་བདུན་དུ་ཆོས་མ་གསུངས་ནས་བཞུགས་པའི་སྐབས་སུ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་ཇི་ལྟར་བཏབ་པ་དེ་བཞིན་དུ།དེང་འདིར་རང་རེ་རྣམས་ཀྱིས་མགོན་སྐྱབས་དམ་པར་གྱུར་པའི་སོ་སོའི་རྩ་བའི་བླ་མ་དང་། དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་ཏུ་ཞུ་རྟེན་མཎྜལ་སོགས་ཐོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་དགོས་སོ། །འགའ་ཞིག་ནས་འདི་ལྟར་བསམ་སྲིད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བླ་མ་དགེ་བའི་བཤེས་གཉེན་རྣམས་སེམས་ཅན་གྱི་དོན་དུ་མ་གཅིག་པའི་བུ་ལ་བརྩེ་བ་ལྟར་ཡིན་ན་གསོལ་བ་མ་བཏབ་ཀྱང་ཆོས་ཅི་ཡི་ཕྱིར་མི་གསུངས་ཤེ་ན། དེ་ལ་རྒྱུ་མཚན་འགའ་ཤས་ཞིག་ཡོད་དེ། རྒྱུ་མཚན་གཅིག་ནི། སངས་རྒྱས་བཅོམ་ལྡན་ཀྱི་ཆོས་ཚུལ་འདི་ནི་རང་དབང་དང་དམངས་གཙོ་ཅན་ཡིན་པའི་དོན་བསྟན་ཅིང། གང་ཟག་གང་ཞིག་ལ་རང་ཉིད་ལ་འདོད་པ་མེད་བཞིན་དུ་ཁྱོད་རང་འདིར་ཤོག་དང་ངས་ཆོས་བཤད་ཟེར་ན་དམངས་གཙོའི་ལུགས་སྲོལ་དང་གཏན་ནས་མི་མཐུན་ཅིང་། འདུལ་བ་ལས། མ་གསོལ་བར་མི་བྱའོ། །ཞེས་གསུངས་སོ། །རྒྱུ་མཚན་དང་པོ་དེ་ཡིན།

རྒྱུ་མཚན་གཉིས་པ་ནི།

སློབ་མའི་རྒྱུད་མ་བརྟག་པར་འོལ་ཚོད་ཀྱིས་ཆོས་བཤད་ན་གང་ཟག་དེ་ཉིད་ཀྱི་རྒྱུད་ལ་མི་ཕན་ཞིང་ཉོན་མོངས་ཀྱི་གཉེན་པོར་མི་འགྲོའོ།། དཔེར་ན། ཆོས་ནི་སྨན་དང་འདྲ་བས་སྨན་གང་ལ་སྦྱིན་སའི་ནད་པའི་ནད་ངོས་མ་ཟིན་པར་བྱུང་རྒྱལ་དུ་སྨན་སྤྲད་ན་སྨན་གྱིས་མི་ཕན་པ་མ་ཟད་གནོད་པའི་རྒྱུ་རུ་འགྱུར་ཉེན་ཡོད་པས་སོ། །དེ་རྒྱུ་མཚན་གཉིས་པ་ཡིན། རྒྱུ་མཚན་གསུམ་པ་ནི། ཆོས་ནི་སེམས་ཅན་རྣམས་ཀྱི་ཚེ་འདི་དང་སྐྱེ་བ་ཕྱི་མར་འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཧ་ཅང་རྩ་ཆེན་པོ་ཡིན། དེ་འདྲ་བའི་རྩ་ཆེན་པོ་དེ་ཉིད་རང་དགར་གང་བྱུང་དུ་གཞན་ལ་སྤྲད་པ་ཡིན་ན་དེ་ཉིད་ཀྱི་རིན་ཐང་ལ་རྩིས་འཇོག་མ་བྱས་པ་ཡིན། དཔེར་ན། ནོར་བུའི་རིན་ཐང་མི་ཤེས་པའི་སྤྲང་པོ་ཞིག་ལ་ནོར་བུ་ཧ་ཅང་རྩ་ཆེན་པོ་ཞིག་སྤྲད་ན་ཁོང་རང་གིས་ནོར་བུ་རྩ་ཆེན་པོ་ཡིན་པ་ཧ་མ་གོ་བའི་སྟབས་ཀྱིས་ཉིན་གཅིག་གད་སྙིགས་ནང་ལ་གཡུག་སྲིད་པ་རེད། ནོར་བུས་ཚེ་འདིའི་གནས་སྐབས་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་སྲིད་ཀྱང་། ཆོས་ནི་ནོར་བུ་ལས་ཀྱང་རྩ་ཆེན་པོ་ཡིན་ཏེ། འདི་ཕྱིའི་གཏན་གྱི་བདེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ལམ་ཟབ་མོ་ཡིན་པས་སོ། །རྒྱུ་མཚན་དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་འདོན་པའི་ཆེད་དུ་དང་། གདུལ་བྱ་རྣམས་འདུལ་བའི་དུས་སུ་མ་བབས་པའི་དབང་གིས་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པའོ། །སྤྱིར་ཤར་ཕྱོགས་སུ་གནས་པའི་རྒྱལ་ཁབ་ཕལ་མོ་ཆེ་ནང་པའི་རྒྱལ་ཁབ་ཡིན་ཞིང་། ཆུང་དུས་ནས་ལྷན་སྐྱེས་དང་ཆོས་དང་རིག་གཞུང་གོམས་གཤིས་གང་ཐད་ནས་ནང་པ་དང་མཐུན་ལ། སྦྱིན་གཏོང་དང་མཆོད་འབུལ་སོགས་ལམ་སྲོལ་ཡག་པོ་ཡོད་ཀྱང་། བོད་རིགས་གཙོར་བྱས་པའི་ཤར་ཕྱོགས་པའི་ནང་པ་མང་པོ་ཞིག་ནས་ནམ་རྒྱུན་ཆོས་བྱེད་ཟེར་དུས་ཁ་འདོན་དང་ཕྱག་མཆོད་འདྲ་བྱེད་ཅིང་། གློ་བུར་དུ་བཀྲ་མ་ཤིས་པ་བྱུང་ན་ལྷ་ཁང་དང་དགོན་པར་འགྲོ་བའམ་བླ་མཆོད་འདྲ་གདན་དྲངས་ནས་རིམ་གྲོ་བྱེད་པ་དང་། ལྷ་གསོལ་ཀླུ་གསོལ་འུར་འུར་ཟིང་ཟིང་བྱེད་པ་སོགས་ལ་གཙིགས་ཆེན་དུ་གནང་བ་ལས། ནང་ཆོས་ལ་སློབ་སྦྱོང་བྱེད་ཅིང་དེའི་དོན་ལ་བསམ་བློ་བཏང་ནས་རང་རྒྱུད་འདུལ་བའི་ཐབས་ཤེས་བླ་ན་མེད་པ་སྒོམ་རྒྱག་པ་སོགས་ཀྱི་ལུགས་སྲོལ་དེ་ཙམ་མེད་པ་འདི་ནི་ངེས་པར་བསྒྱུར་བཅོས་བྱེད་དགོས་པར་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། བདག་ཉིད་བདག་གི་མགོན་ཡིན་ཞིང་།། བདག་ཉིད་བདག་གི་དགྲ་ཡང་ཡིན།། ཞེས་གསུངས་པའི་སྡོམ་ཚིག་འདི་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཞིག་ཡོད་འདུག་པས་རྨོངས་དད་དང་། ལམ་དང་ལུགས་སྲོལ་ཙམ་གྱི་རྗེས་སུ་མི་འབྲངས་པར་རིགས་པ་དྲི་མ་མེད་པའི་ལམ་ནས་ལྟ་བ་ལ་ངེས་པ་རྙེད་པ་ཞིག་ཅི་ནས་ཀྱང་དགོས་སོ། །དེང་སང་འགའ་ཤས་ཤིག་ནས་དཔེ་ཆ་ལ་ཐོས་བསམ་བྱེད་རྒྱུ་ནི་ཕལ་ཆེར་གྲྭ་བཙུན་ཁོ་ནའི་འགན་འཁྲི་ཞིག་ཡིན་བསམ་པ་འདི་ནི་རང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ནང་པའི་འགན་ངོ་མ་དེ་མ་ཁུར་བ་ཞིག་ཀྱང་ཡིན་ནོ། ། ཕྱག་འཚལ་བ་དང་། སྐོར་བ། ཁ་འདོན་བྱེད་པ་སོགས་ནི་ཟག་བཅས་ཀྱི་དགེ་བ་བླ་ན་མེད་པ་ཞིག་ཡིན་པས་འདི་ཉིད་ཀྱང་མཐར་ཐུག་སངས་རྒྱས་པའི་ཐབས་ལམ་བླ་ན་མེད་པ་ཞིག་ཡིན་པ་ནི་གོང་གི་བཤད་མ་ཐག་པས་བསྟན་ཟིན་པས་འདིར་རྒྱས་པར་བསྐྱར་དུ་མ་སྤྲོས་སོ། །འོན་ཀྱང་བདག་ཅག་གི་སྟོན་པ་བླ་ན་མེད་པ་འདི་ཉིད་ཀྱིས་ཀྱང་དང་པོ་ཐོས་བསམ་སྒོམ་གསུམ་སོགས་རིམ་གྱིས་ལམ་ལ་བསླབས་ནས། མཐར་ཐུག་རང་གིས་སྒོམ་སྟོབས་ཀྱིས་བརྟགས་ཤིང་དཔྱད་ནས་ཡིད་ངོར་ངེས་ཤེས་རྙེད་པའི་སྟོང་ཉིད་ཀྱི་ལྟ་བ་དེ་ཉིད་ལ་གོམས་ཤིང་འདྲིས་ནས། མཐར་རང་གི་ཉོན་མོངས་ཀྱི་གཉེན་པོར་སོང་ཞིང་། ཉོན་མོངས་དང་བྲལ་ནས་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་དུ་གྱུར་ཏེ་སངས་རྒྱས་ནས་ད་གཟོད་གདུལ་བྱ་སེམས་ཅན་གཞན་ལའང་བླང་དོར་གྱི་གནད་དམ་པའི་ཆོས་ལེགས་པར་བསྟན་ནས་རྗེས་འཇུག་སློབ་མ་རིགས་ཅན་གསུམ་གྱི་ཐར་ལམ་དུ་འགོད་པར་མཛད་པ་ལས་དེ་ལས་ལམ་གཉིས་པ་ཞིག་ནི་མེད་དོ། །ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་གསུངས་པའི་ཕྱིར་རོ། །ཆོས་འཁོར་བསྐོར་བར་བསྐུལ་བ་ནི་ཉོན་མོངས་པ་གཏི་མུག་དང་། ཆོས་སྤོང་གི་ལས་ངན་བསགས་པའི་གཉེན་པོ་ཡིན་ཞེས་གསུངས་སོ། །

བདུན་པ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་ནི།

སྔོན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་བཞེད་པ་ན། མགར་བའི་བུ་དགེ་བསྙེན་ཙུནྡས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་བཏབ་པ་བཞིན། རང་རེ་རྣམས་ཀྱིས་ཀྱང་ད་ལྟ་དངོས་སུ་ཞལ་བཞུགས་པའི་རང་གི་རྩ་བའི་བླ་མ་དང་གཞན་དགེ་བའི་བཤེས་གཉེན་རྣམས་ལ་གདུལ་བྱ་སེམས་ཅན་རྣམས་ཀྱི་ཆེད་དུ་ཞབས་པད་ཡུན་རིང་བརྟན་པའི་ཆེད་དུ་ངེས་པར་གསོལ་བ་འདེབས་དགོས།

མགོན་པོ་ཞི་བ་ལྷས། རྒྱལ་བ་མྱ་ངན་འདའ་བཞེད་ལ།། ཐལ་མོ་སྦྱར་ཏེ་གསོལ་བ་ནི།།

འགྲོ་འདི་ལྡོངས་པར་མི་འགོད་ཅིང་།། བསྐལ་པ་གྲངས་མེད་བཞུགས་པར་གསོལ། །

ཞེས་གསུངས་པ་ལྟར་བྱའོ། །སྤྱིར་བཏང་དེང་སང་བོད་བརྒྱུད་ནང་ཆོས་སུ་བླ་མར་བརྟན་བཞུགས་འབུལ་ཟེར་དུས་དངོས་པོའི་དཔལ་འབྱོར་ཕོན་ཆེན་གསེར་དང་དངུལ་གྱིས་བརྒྱན་པའི་མཆོད་རྫས་སོགས་ངོམ་སོ་དང་འགྲན་བསྡུར་བྱེད་ནས་འབུལ་བའི་ལུགས་སྲོལ་ཞིག་ཡོད་ཀྱང་དོན་ངོ་མའི་བརྟན་བཞུགས་ཡང་དག་པ་ནི་བླ་མས་ཅི་གསུངས་བཀའ་སྒྲུབ་བྱེད་རྒྱུ་དེ་ལས་ལྷག་པ་ཞིག་མེད་དེ། བླ་མའི་ཐུགས་ཀྱི་དགོངས་པ་ནི་སེམས་ཅན་གཞན་གྱི་དོན་དུ་ཕན་འདོགས་པར་བྱེད་རྒྱུ་དེ་ཡིན། བླ་མ་ཡང་དག་པ་ཞིག་ཡིན་ན་སློབ་མ་ཁྱོད་ཀྱིས་དམ་ཆོས་ཚུལ་བཞིན་ཉམས་ལེན་བྱས་ནས་གཞན་དོན་སྒྲུབས་གསུངས་པ་ལས་ང་ལ་གསེར་དང་དངུལ་སོགས་ནོར་ཁྱེར་ཤོག་གསུངས་མི་སྲིད་པས་དེ་བས་བརྟན་བཞུགས་ཡག་ཤོས་ནི་བླ་མའི་བཀའ་གསུང་ཅི་སྒྲུབ་བྱེད་རྒྱུ་དེ་མཆོག་ཡིན་ནོ། །ཀུན་མཁྱེན་མི་ཕམ་ཞལ་ནས། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ།། གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱི་སྟེ།། དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན།། དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །ཞེས་དང་། རྗེ་མི་ལའི་ཞལ་ནས། ནོར་ཟང་ཟིང་གི་འབུལ་བ་བདག་ལ་མེད།། ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །ཞེས་དང་། སྙིང་རུས་སྡུག་བསྲན་གྱི་སྒྲུབ་པ་འདི།། ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །བླ་མའི་བརྟན་བཞུགས་ཡག་ཤོས་ནི་རང་ཉིད་བླ་མའི་མཛད་སྤྱོད་དང་། ཉམས་ལེན་སོགས་ཀྱི་རྗེས་སུ་འབྲངས་ནས་དཔེར་ན། རྗེ་བཙུན་མར་མི་དྭགས་གསུམ་ལྟར་ཕ་རྗེས་བུ་ཡིས་ཟིན་པར་བྱེད་རྒྱུ་དེ་ཡིན་ནོ། །འདི་ནི་ཉོན་མོངས་པ་ལོག་ལྟའི་གཉེན་པོ་ཡིན་ཞེས་གསུངས་སོ། །

བརྒྱད་པ་བསྔོ་བ་དང་སྨོན་ལམ་གྱི་ཡན་ལག་ནི། 

སྤྱིར་བཏང་ཆོས་གང་དང་གང་སྒྲུབ་ཀྱང་སྦྱོར་དངོས་མཇུག་གསུམ་ཚང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པའི་ཞལ་ནས། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད།། རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི།། ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གོ་འཕང་བགྲོད་བྱེད་ཀྱི་སྐས་ཐེམ་ལྟ་བུ་ནི་སྦྱོར་དངོས་རྗེས་གསུམ་ཡིན་ནོ།།  དེ་ལ་སྦྱོར་དངོས་གཉིས་ཇི་ལྟར་ལེགས་པར་གྲུབ་ཀྱང་མཇུག་ཏུ་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་ལེགས་པར་མ་ཐེབས་ན་དགེ་བ་རྣམ་དག་ཏུ་མི་འགྱུར་བས་བསྔོ་བ་ལ་ཅི་ནས་ཀྱང་བརྩོན་པ་གལ་ཆེ། དགེ་བ་མ་བསྔོས་ན་ཇི་ལྟར་འགྱུར་ཞེ་ན། དེ་ནི་རང་རེ་འཁོར་བའི་ཁྲོད་དུ་དགེ་རྩ་འཇོམས་བྱེད་ཀྱི་རྐྱེན་ཧ་ཅང་མང་བས་དགེ་བ་འཛད་པར་འགྱུར་ཏེ། དགེ་བ་འཛད་པའི་རྐྱེན་ནི་རང་རྒྱུད་ཀྱི་ཁོང་ཁྲོ་སོགས་ཡིན་ནོ། །སྤྱོད་འཇུག་ལས།

བསྐལ་པ་སྟོང་དུ་བསགས་པ་ཡི།། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།། ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཅེས་གསུངས་པ་ལྟར་རྐྱེན་དེ་ལས་ཀྱང་མང་ཞིང་། ཇི་སྐད་དུ། མ་བསྔོས་པ་དང་ལོག་པར་བསྔོས།། གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས།། དགེ་བ་འཛད་པའི་རྒྱུ་བཞི་ཡིན།། དེ་ཉིད་གོ་བདེ་བའི་ཆེད་དུ་བཀྲལ་ན། མ་བསྔོས་པ་ཞེས་པ་ནི་རང་ཉིད་ཀྱིས་དགེ་རྩ་བསགས་ཀྱང་གཞན་ལ་མ་བསྔོས་པ་དང་། ལོག་པར་བསྔོས་ཞེས་པ་ནི། རང་གི་སྤུན་མཆེད་དང་ནང་མི་སོགས་ལ་བསྔོ་ཞིང་། གཞན་དགྲ་སོགས་ལ་མ་བསྔོས་པ། གཞན་ལ་བསྒྲགས་ཞེས་པ་ནི། ཀུན་སློང་ང་རྒྱལ་གྱི་དབང་གིས་དགེ་བ་ཅུང་ཟད་བྱས་པ་རྣམས་ངས་དེ་དང་དེ་ལྟ་བུ་བྱས་པ་ཡིན་ཞེས་གཞན་ལ་ངོམ་སོའི་སྒོ་ནས་བསྒྲགས་པ་ལ་ཟེར། འགྱོད་པ་སྐྱེས་པ་ནི། སྐབས་འདིའི་འགྱོད་པ་ནི་རང་གིས་སྔར་བྱས་ཀྱི་དགེ་བ་གང་དང་གང་བྱས་པ་རྣམས་ལ་འགྱོད་ན་སྡིག་པ་ལ་འགྱུར་བའོ། །གང་ལྟར་གོང་དུ་བཤད་མ་ཐག་པའི་དགེ་རྩ་འཇོམས་བྱེད་ཀྱི་རྐྱེན་རྣམས་དང་མ་འཕྲད་པའི་གོང་ནས་དེ་མ་ཐག་ཏུ་དགེ་བ་རྣམས་གཞན་དོན་གྱི་ཆེད་དུ་བསྔོ་རྒྱུ་ནི་ཧ་ཅང་ཆེ་བའོ། །འདི་ནི་ཉོན་མོངས་པ་སེར་སྣའི་གཉེན་པོ་ཡིན་ཞེས་གསུངས་སོ། །

 

རྒྱུ་གསུམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི།

གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་མཁྱེན་པ་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་དང་། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དོན་དམ་སེམས་བསྐྱེད་སོགས་འདོད་ཚུལ་མང་ཡང་མདོར་ན་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་རོ། །རང་གཅེས་པར་འཛིན་པའི་བློ་ངན་པ་འདི་ཡི་རྗེས་སུ་འབྲངས་ནས་ད་བར་དུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་བར་མ་ཆད་པ་མྱོང་དགོས་པ་འདི་ནི་བདག་གཅེས་པར་འཛིན་པ་འདི་ཉིད་ཀྱི་དབང་གིས་ཡིན་པར་ཤེས་དགོས་སོ། །ད་ནས་བཟུང་སྟེ་རང་གཅེས་འཛིན་འདི་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་དང་། གཞན་གཅེས་འཛིན་འདི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཡིན་པར་ཤེས་ནས་སེམས་ཅན་རྣམས་ལ་གནོད་པའི་བྱ་བ་སྤང་དགོས་སོ། །སྤྱིར་སེམས་ཅན་ཐམས་ཅད་རང་ལྟར་དུ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པས་སྒོ་ཀུན་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་དགོས་སོ། །སྤྱོད་འཇུག་ལས། བདག་གིས་གཞན་གྱི་སྡུག་བསྔལ་བསལ།། སྡུག་བསྔལ་ཡིན་ཕྱིར་བདག་སྡུག་བཞིན།། བདག་གིས་གཞན་ལ་ཕན་པར་བྱ།། སེམས་ཅན་ཡིན་ཕྱིར་བདག་ལུས་བཞིན།། གང་ཚེ་བདག་དང་གཞན་གཉིས་ཀ། དེ་བ་འདོད་དུ་མཚུངས་པ་ལ།། བདག་དང་ཁྱད་པར་ཅི་ཡོད་ན།། གང་ཕྱིར་བདག་གཅིག་བདེ་བར་བརྩོན།། གང་ཚེ་བདག་དང་གཞན་གཉིས་ཀ ། སྡུག་བསྔལ་མི་འདོད་མཚུངས་པ་ལ།། བདག་དང་ཁྱད་པར་ཅི་ཡོད་ན།། གང་ཕྱིར་གཞན་མིན་བདག་སྲུང་བྱེད། །  ཅེས་གསུངས་པའི་གདམས་ངག་ཟབ་མོ་འདི་རྣམས་མ་བརྗེད་པར་དྲན་པར་བྱས་ནས་བསླབ་དགོས་སོ།། སྤྱིར་སེམས་བསྐྱེད་ལ་རབ་འབྲིང་ཐ་གསུམ་ཡོད་པས་འདིར་མདོར་བསྡུས་ཙམ་ཞུས་ན། རབ་རྫི་བོ་ལྟ་བུའི་སེམས་བསྐྱེད། འབྲིང་མཉན་པ་ལྟ་བུའི་སེམས་བསྐྱེད། ཐ་མ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་བཅས་གསུམ་ལས། དང་པོ་རབ་རྫི་བོ་ལྟ་བུའི་སེམས་བསྐྱེད་ནི། དཔེར་ན་རྫི་བོས་གཡག་དང་ར་ལུག་སོགས་སེམས་ཅན་རྣམས་སྔོན་ལ་དེེད་ནས་རང་ཉིད་རྗེས་སུ་འབྲང་ཞིང་ལྟ་སྐྱོང་བྱེད་པ་ལྟར་ཡིན། དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མ་བཀོད་ཀྱི་བར་དུ་རང་དོན་ཡིད་བྱེད་ཀྱི་བློ་སྤངསནས་གཞན་དོན་ཁོ་ནར་བརྩོན་པ་ནི་སེམས་བསྐྱེད་ཡག་ཤོས་དེ་ཡིན། གཉིས་པ་ནི་མཉན་པའམ་གྲུ་པ་ལྟ་བུའི་སེམས་བསྐྱེད་ཡིན། གྲུ་གཏོང་མཁན་དང་གྲུ་ནང་གི་མི་རྣམས་ཚང་མ་བདེ་སྡུག་གཅིག་པའི་གནས་སྟངས་ཐོག་ཏུ་ཡོད། གྲུ་ནང་དུ་ཡོད་པའི་མི་ཚང་མ་ཆུ་བོའི་ཕ་རོལ་ཏུ་བསྐྱལ་རྒྱུ་དེ་གྲུ་པའི་ལས་འགན་ཡིན་པའི་སྟབས་ཀྱིས་གྲུ་པའི་བསམ་བློའི་འཁྱེར་སོ་དེ་ཡང་ང་ཚོ་ཚང་མ་མཉམ་དུ་མཚོ་ཡི་ཕ་རོལ་ཏུ་བགྲོད་པར་བྱ་བསམ་པའི་བློ་ཡོད་པ་ཇི་བཞིན་ང་དང་མཉམ་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བསམ་པ་ལྟ་བུ་ནི་འབྲིང་མཉན་པ་ལྟ་བུའི་སེམས་བསྐྱེད་ཡིན། ཐ་མ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། རྒྱལ་པོས་རང་ཉིད་དང་པོ་རྒྱལ་ཁྲིར་འཁོད་ནས་རྗེས་སུ་མི་མང་ལ་བཀའ་བཏང་ནས་འབངས་ཀྱི་བདེ་ཐབས་ལ་བརྩོན་པ་ཇི་བཞིན་རང་ཉིད་དང་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྔོན་དུ་འཐོབ་པར་བྱ་ཞིང་རྗེས་ནས་སེམས་ཅན་གྱི་དོན་སྒྲུབ་པ་ལྟ་བུ་ནི་སེམས་བསྐྱེད་ཐ་མ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཡིན་ནོ། །ལར་ནས་རང་ཉིད་དང་པོ་སངས་མ་རྒྱས་ན་གཞན་དོན་བྱེད་པའི་མཐུ་མེད་སྟབས་རང་ཉིད་སངས་རྒྱས་འཐོབ་འདོད་ཀྱི་བློ་དེ་ཉིད་ཀྱང་ཐེག་ཆེན་གྱི་སྐབས་སུ་དམིགས་ཡུལ་ངེས་པར་སེམས་ཅན་ལ་དམིགས་དགོས་ཤིང་གོང་གི་རྒྱལ་པོའི་དཔེ་དང་ཅུང་མི་འདྲ་སྙམ། རྒྱལ་པོ་རང་ཉིད་ཀྱིས་རྒྱལ་སྲིད་གཟུང་རྒྱུ་དེ་རང་གི་འབངས་མིའི་ཆེད་དུ་ཡིན་ནམ། རྒྱལ་པོ་ཁོ་རང་གི་དཔུང་དང་སྟོབས་ཤུགས། རྒྱུ་ནོར། སྐད་གྲགས་གང་གི་ཆེད་དུ་ཡིན་མ་ངེས་ཀྱང། གང་ལྟར་ཡང་མ་རྒན་སེམས་ཅན་འདི་རྣམས་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དམ་པའི་ཆོས་སྒྲུབ་མ་ཤེས། མི་འདོད་པ་སྡུག་བསྔལ་ཡིན་ཡང་དེའི་ཕྱོགས་སུ་ཉིན་མཚན་མེད་པར་རྒྱུག་ཅིང་འཁོར་བར་འཁྱམས་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་པའི་སེམས་ཅན་གི་དོན་དུ་འཇུག་དགོས་ཞེས་གསུངས་སོ། ། དེའང་སྤྱོད་འཇུག་ལས། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག།། ཅེས་གསུངས་པ་ལྟར་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་འདི་རྣམས་ལ་ཕན་ཐོགས་ཀྱི་ལས་ཀ་ཞིག་འགྲུབ་ན་ཅི་མ་རུང་སྙམ་པའི་བློ་བཅོས་མ་མ་ཡིན་པ་དུང་དུང་བ་རེ་སྙིང་ལ་བཅངས་ནས་སྦྱོར་བ་དངོས་ཀྱི་སྐབས་སུ་ཡང་སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་ངག་གིས་ཕན་ཅི་ཐོགས་ལ་བརྩོན་པར་བྱའོ། ། རྒྱལ་སྲས་ཐོགས་མེད་བཟང་པོའི་ཞལ་ནས་ཀྱང། ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།། དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན། ། ཞེས་གསུངས་པ་ལྟར་རང་ཉིད་ལ་གནས་སྐབས་བདེ་སྐྱིད་ལྟར་སྣང་རེའི་ཆེད་དུ་གཞན་ལ་མགོ་སྐོར། བསླུ་བྲིད། རྫུན་སོགས་མ་རབས་ཀྱི་སྤྱོད་པ་ནི་ངེས་པར་སྤང་དགོས་སོ། །དེང་སང་འཛམ་བུའི་གླིང་ལ་ནད་མཚོན་དམག་འཁྲུག་སོགས་འཇིགས་སྣ་ཚོགས་པ་འདི་རྣམས་ང་ཚོའི་འགྲོ་བ་མི་རྣམས་ཀྱི་བྱ་སྤྱོད་ཕྱིན་ཅི་ལོག་པའི་དབང་གིས་བྱུང་བ་ཡིན་པར་ཤེས་དགོས་ཤིང་། མདོར་ན་དཀའ་ངལ་ཡོད་ཚད་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པ་དང་། བརྩེ་བ་མེད་པ། ཆོག་ཤེས་མེད་པ། རང་གཅེས་འཛིན་གྱི་དབང་གིས་བྱུང་བ་ཡིན་པར་ཤེས་ནས་མ་འོངས་པར་འཛམ་བུ་གླིང་འདི་ཞི་བདེ་ལ་འགྱུར་དགོས་ན་ད་ལྟ་ནས་སོ་སོའི་ཡ་རབས་བཟང་སྤྱོད་མ་ཉམས་པར་བྱེད་རྒྱུ་ལས་གཞན་ཐབས་ལམ་གང་ཡང་མེད་དོ། །ད་ལྟའི་འཛམ་བུ་གླིང་གི་ཕྱི་ནང་སྣོད་བཅུད་ཡོངས་སུ་རྫོགས་པ་ང་ཚོའི་འགྲོ་བ་མི་ཡི་བྱ་སྤྱོད་ཁོ་ན་ལ་རག་ལས་ཡོད་ཅིང་། མི་རྣམས་ཀྱིས་ཡ་རབས་བཟང་སྤྱོད། བྱམས་དང་སྙིང་རྗེ་སོགས་བྱས་ན་འཛམ་གླིང་འདིའི་ཁ་ཕྱོགས་ཀྱང་དེ་ལྟར་འགྱུར་ཞིང་། མི་རྣམས་ཀྱིས་དེ་ལས་ཕྱིན་ཅི་ལོག་ཏུ་དེང་སང་མཐོང་བཞིན་པ་ལྟར་བྱས་ན་ཕྱི་ཡི་འབྱུང་བཞིའི་ཁོར་ཡུག་དང་། ནང་བཅུད་ཀྱི་འགྲོ་བ་མི་རྣམས་ལ་ནད་རིམས་དང་། དམག་འཁྲུག་སོགས་ད་དུང་མུ་མཐུད་ནས་ཡོང་ངེས་ཤིང་། དེ་ནི་ད་ལྟ་ང་རང་ཚོ་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མི་ཐེར་འབུམ་བདུན་གྱི་བཟང་ངན་གྱི་སྤྱོད་པ་ཁོ་ནར་རག་ལས་ཡོད་དོ། ། 

བྱང་སྡོམ་འབོག་ཆོག་སོགས་བྱ་དགོས་ན་རང་ཁྱིམ་དུ་མཆོད་བཤམས་དང་། ཐང་སྐུ་སོགས་ཀྱི་མདུན་དུ་ཕྱག་གསུམ་བཙལ་ནས་མདུན་གྱི་ནམ་མཁར་དུས་གསུམ་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་ནས་མངོན་སུམ་དཔང་པོའི་ཚུལ་དུ་བཞུགས་ཡོད་སྙམ་པའི་སྤྱན་སྔར་ཉིན་མ་དེ་རིང་ནས་བཟུང་སྟེ་རང་གཅེས་འཛིན་འདི་ཉིད་བློས་བཏང་སྟེ་གཞན་སེམས་ཅན་རྣམས་གཅེས་པར་འཛིན་པའི་དམ་བཅའ་དང་བཅས་ཏེ། རྒྱལ་བ་སྲས་དང་བཅས་པ་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་ཀྱི་སྡོམ་པ་ཚུལ་བཞིན་དུ་བླངས་ནས་སེམས་ཅན་རྣམས་ཀྱི་དོན་ངེས་པར་བསྒྲུབ་པར་བགྱིའོ་སྙམ་པའི་ངང་ནས་སྤྱོད་འཇུག་ནས་གསུངས་པའི་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་ཆོག་འདི་དལ་བུས་ལན་གསུམ་འདོན།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།

སྐྱབས་འགྲོ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་།

གཉིས་པ་དངོས་གཞི་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་།། དེ་བཞིན་དུ་ནི་བསླབ་པ་ལའང་།། རིམ་པ་བཞིན་དུ་བསླབ་པར་བགྱི།། ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་ཞིང་། མཇུག་ཏུ་རང་གཞན་གཉིས་ཀས་དགའ་བ་སྒོམ་པ་ནི། སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་བདག་གྱུར་ཏོ།། ད་ནི་བདག་གིས་ཅི་ནས་ཀྱང་།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང་།། གོང་ནས་གོང་དུ་འཕེལ་བར་ཤོག །སོགས་ཀྱིས་སྨོན་ལམ་ཡང་བྱའོ། །གལ་སྲིད་ལས་བྲེལ་གྱི་དབང་གིས་གོང་གི་སྡོམ་པ་རྒྱས་པ་ལེན་པའི་དུས་ཚོད་མེད་ན།

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །

བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །

ཅེས་ཇོ་བོ་རྗེས་མཛད་པའི་སྐྱབས་སེམས་བསྡུས་པ་བྱིན་རླབས་ཅན་འདི་དལ་བུས་ལན་གསུམ་གྱིས་ངས་ད་ནས་བཟུང་སྟེ་སེམས་ཅན་རྣམས་ལ་ཕན་གང་ཐོགས་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་དང་འབྲེལ་ནས་གལ་སྲིད་ཕན་མ་ཐོགས་ཀྱང་མ་རྒན་སེམས་ཅན་དེ་རྣམས་ལ་གནོད་མི་བསྐྱལ་བསམ་པའི་དམ་བཅའ་བྱེད་དགོས།

མཇུག་ཏུ།

 སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། ཅེས་སོགས་ཚད་མེད་བཞིའི་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱས་ན་བྱང་ཆུབ་སེམས་སྡོམ་བླངས་པའི་གོ་ཆོད་དོ། །བྱང་ཆུབ་སེམས་ཀྱི་སྡོམ་པའི་སྙིང་པོ་དང་དགོས་པ་དེ་གང་ཡིན་ཞེ་ན། ངས་ཉི་མ་དེ་རིང་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་ལ་མ་གཅིག་པའི་བུ་བཞིན་བྱམས་པ་དང་སྙིང་རྗེས་ཕན་ཅི་ཐོགས་གང་ཐོགས་བྱེད་ཀྱི་ཡིན། གལ་སྲིད་ངས་ཕན་མ་ཐོགས་ཀྱང་སེམས་ཅན་གཅིག་ལའང་རང་གི་ཆེད་དུ་གནོད་པའི་བསམ་སྦྱོར་མི་བྱེད་བསམས་ནས་དམ་བཅའ་འཇོག་རྒྱུ་དེ་རེད། དེ་ལ་མ་གཏོགས་པའི་བྱང་ཆུབ་སེམས་སྡོམ་ཟེར་བའི་དམིགས་བསལ་གཞན་གང་ཡང་ཡོད་པ་མ་རེད། ནམ་རྒྱུན་བླ་མ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་ཀྱི་སྡོམ་པ་དང་ལྡན་པ་ཡོད་ན་དེའི་དྲུང་ནས་བླངས་ཀྱང་ཆོག་ལ། མེད་ན་རང་གི་མཆོད་བཤམས་སོགས་རྟེན་གྱི་དྲུང་དུ་བླངས་ཀྱང་འཐུས་སོ། །གང་ལྟར་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞུས་ཚར་ནས་བཟུང་སྟེ་བྱང་སེམས་ཀྱི་རྩ་ལྟུང་དང་། དཀར་ནག་ཆོས་བརྒྱད་ཀྱི་བླང་དོར་གྱི་བསླབ་བྱ་ལ་འབད་ཅིང་སེམས་ཅན་རྣམས་བློས་མི་གཏོང་བར་བསྲུང་བྱ་ལ་ཡང་དག་པར་འབད་དགོས་སོ། །དེས་རྒྱུ་གསུམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཁྲིད་མདོར་བསྡུས་ཞུས་གྲུབ་པའོ། །

རྒྱུ་བཞི་པ་དགེ་རྩ་གཞན་དོན་དུ་བསྔོ་བ་དང་སྨོན་ལམ་ནི། 

རང་གིས་དཀའ་བས་བསྐྲུན་པའི་དགེ་རྩ་དེ་རྣམས་གཞན་དོན་དུ་མ་བསྔོས་ན་འབྲས་བུ་མི་འབྱུང་བ་མ་ཟད། ཁོང་ཁྲོ་སོགས་དགེ་རྩ་འཇོམས་བྱེད་ཀྱི་རྐྱེན་གཞན་དང་ཕྲད་ན་དགེ་རྩ་དེ་ཉིད་ཀྱང་མེད་པར་འགྱུར་ཞིང་། དགེ་བ་གཞན་དོན་དུ་བསྔོས་ན་འབྲས་བུ་ཡང་རླབས་པོ་ཆེ་འབྱུང་བ་ཡིན་ཏེ། ཇི་སྐད་དུ། བསྔོ་བ་མི་བཟད་ལམ་ཡིན་ཕྱིར།། སྤེལ་དང་བསྒྱུར་པའི་ཆོས་ཅན་ནོ། །ཞེས་གསུངས་པ་ལྟར་རང་གི་དགེ་རྩ་རྣམས་གཞན་དོན་དུ་བསྔོས་ན་འབྲས་བུ་མང་པོ་འཕེལ་བ་དང་། གཞན་དོན་དུ་བསྒྱུར་བ་སོགས་ཁྱད་ཆོས་ཧ་ཅང་མང་བས་ཤིན་ཏུ་ནས་ཀྱང་བསྔོ་དགོས་སོ། །བསྔོ་ཚུལ་ལའང་རབ་ཀྱིས་འཁོར་གསུམ་མི་རྟོག་པའི་བསྔོ་བ་ཞེས་གང་བསྔོ་རྒྱུའི་དགེ་རྩ། བསྔོ་སའི་ཡུལ་སེམས་ཅན་རྣམས། བསྔོ་བ་བྱེད་མཁན་གང་ཟག་རང་ཉིད་གསུམ་རང་བཞིན་གྱིས་བདེན་པར་མ་གྲུབ་པར་སྒྱུ་མ་དང་རྨི་ལམ་ལྟ་བུའི་རྒྱས་བཏབ་ནས་བསྔོ་དགོས། འབྲིང་གིས་བསྔོ་བ་རྗེས་མཐུན་པ་ཞེས་རང་གིས་གོང་དུ་བཤད་པའི་འཁོར་གསུམ་མི་རྟོག་པའི་ངང་ནས་ཇི་ལྟར་བསྔོ་མ་ཤེས་ཀྱང་བསྔོ་བ་ལ་མཁས་པ་འཕགས་པ་འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། ཀུན་ཏུ་བཟང་པོ་སོགས་དང་། འདས་མ་འོངས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྔོས་པ་དང་སྔོ་བཞིན་པ་དང་། བསྔོ་བར་འགྱུར་བ་དེ་བཞིན་དུ་བདག་གིས་ཀྱང་དེ་བཞིན་དུ་བསྔོ་བར་བགྱིའོ་སྙམ་པའི་ངང་ནས་བསྔོ་བ་བྱེད་དགོས་སོ། །ཕུང་པོ་གསུམ་པའི་མདོ་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་། ཇི་ལྟར་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་དང་། འཕགས་པ་བཟང་པོ་སྤྱོད་པའི་མདོ་ལས།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ཞེས་སོགས་གསུངས་པ་ལྟར་བསྔོ་བར་བྱའོ། །

ཁམས་གསུམ་གྱི་འཁོར་བར་འཁྱམ་པའི་སེམས་ཅན་རྣམས་ལ་སྙིང་ནས་མི་བཟོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་ངང་ནས་སྡུག་བསྔལ་དེ་རྣམས་དང་བྲལ་བའི་ཕྱིར་ཐེག་ཆེན་བླ་མེད་ཀྱི་རྩིས་ཟིན་པའི་སྒོ་ནས་བྱང་ཆུབ་ཀྱི་རྒྱུར་བསྔོས་ན་ཐེག་ཆེན་གྱི་བསྔོ་བར་འགྱུར་རོ། །བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། བསྔོ་བ་ནི་ཟག་བཅས་ཟག་མེད་དགེ་བ་གང་རུང་གིས་བསྡུས་པའི་དངོས་སུ་དགེ་རྩ་བསགས་པ་དང་འབྲེལ་ནས་དེ་གཞན་དོན་དུ་ཐོབ་པར་ཤོག་ཅིག་ཅེས་སྨོན་པ་ལྟ་བུའོ། །དཔེར་ན། ཇི་ལྟར་དུས་གསུམ་བསགས་པ་ཡི།། དགེ་རྩ་ཇི་སྙེད་བྱས་པ་ཀུན།། མ་གྱུར་སེམས་ཅན་ཐམས་ཅད་རྣམས།། སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །

ཞེས་གསུངས་པ་ལྟར་རོ། །སྨོན་ལམ་ནི། རང་རྒྱུད་ཀྱི་དགེ་རྩ་དང་དངོས་སུ་མ་འབྲེལ་ཀྱང་དཔེར་ན། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གནས་སོགས་ཀྱི་མདུན་ཀུན་སློང་གཞན་ཕན་རྣམ་དག་གིས་རང་གཞན་གཉིས་ཀར་འདི་བདེ་ཕྱི་སྐྱིད་སོགས་ལེགས་ཚོགས་འབྱུང་བའི་ཆེད་དུ་སྨོན་ལམ་འདེབས་པའོ། །རྒྱུ་བཞི་པ་དགེ་རྩ་གཞན་དོན་དུ་བསྔོ་བ་དང་སྨོན་ལམ་གྱི་ཁྲིད་མདོར་བསྡུས་ཞུས་གྲུབ་པའོ། །

 

གསུམ་པ་འཕྲོས་དོན་གྱིས་མཇུག་ཡོངས་སུ་བསྡུ་བ་ནི།

 ཁ་ཅིག་གིས་འདི་ལྟར་སྙམ་སྟེ། སངས་རྒྱས་འོད་དཔག་མེད་མིན་ཀྱང་སངས་རྒྱས་གཞན་གྱི་ཞིང་སྦྱོང་བའི་ཐབས་ཚུལ་མེད་དམ་སྙམ་ན། སངས་རྒྱས་རེ་རེའི་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་དང་དམ་བཅའ་མི་འདྲ་བའི་དབང་གིས་ཞིང་ཁམས་རེ་རེ་ཡོད་དེ། དཔེར་ན། རྒྱལ་བ་རིགས་ལྔའི་ཞིང་ཁམས་ལྟ་བུའོ། །ཞིང་ཁམས་དེ་རྣམས་ལ་ལུས་རྟེན་དལ་བརྒྱད་འབྱོར་བཅུ་དང་དང་ལྡན་པ་མ་ཟད་ཚུལ་ཁྲིམས་གཙང་ཞིང་རྟོགས་པ་མཆོག་ལྡན་གྱི་དགེ་ཚུལ་སློང་ལས། དུས་ངན་སྙིགས་མའི་སོ་སོའི་སྐྱེ་བོ་རྣམས་ཤིན་ཏུ་ནས་ཀྱང་སྐྱེ་དཀའ་བའོ། །དེ་བས་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་རྣམས་ལ་སངས་རྒྱས་འོད་དཔག་མེད་ཀྱི་སྨོན་ལམ་གྱི་སྟོབས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེ་སླ་ལ་ཕན་ཡོན་ཆེ་ཞིང་། སྐྱེས་ཚད་འཁོར་བ་ལ་ཕྱིར་མི་ལྡོག་པའི་ས་ཐོབ་པ་སོགས་ཞིང་ཁམས་དེར་ཞིང་ཁམས་གཞན་ལས་ཀྱང་ཁྱད་ཆོས་དུ་མ་དང་ལྡན་པས་ཞིང་ཁམས་དེ་སྒྲུབ་པ་ལ་ཅི་ནས་ཀྱང་འབད་དགོས་པར་སྣང་ངོ་། །ད་རེས་ང་རང་ཚོ་ཚང་མ་དལ་འབྱོར་གྱི་མི་ལུས་བཟང་པོ་ཐོབ་པའི་དོན་གོ་རུ། གནས་ཕུན་སུམ་ཚོགས་པ། ཉེ་བའི་ཚནྡྷོ་ཧ་ཆེན་པོ་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཡ་གྱལ། ཕྲ་མེན་མ་པུསྐ་སི་ཡིས་ཉེ་བར་བཟུང་བའི་མཐོང་གྲོལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས། དུས་ཕུན་སུམ་ཚོགས་པ། དགེ་བ་གང་བྱས་འབུམ་འགྱུར་དུ་འགྲོ་བ་རྟ་ཟླ་བའི་དུས་ཆེན། ཆོས་ཕུན་སུམ་ཚོགས་པ། འོད་མདོ་ལས་བྱུང་བ་ལྟར་མཚན་ཙམ་ཐོས་པས་ངན་སོང་གི་སྐྱེ་སྒོ་ཁེག་པའི་སངས་རྒྱས་འོད་དཔག་མེད་ཀྱི་ཟབ་ཆོས་བླ་ན་མེད་པ་བདེ་ཆེན་ཞིང་གི་སྒྲུབ་ཐབས་པདྨའི་དྲ་བ། སྟོན་པ་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ནི། རིང་ནས་ལས་སྨོན་གཅིག་ཏུ་འབྲེལ་བའི་དགེ་བའི་ལས་ལ་གུས་རྟག་གིས་བརྩོན་པ་མི་ལྷོད་པ་འཕགས་པའི་དགེ་འདུན་གྱི་སྡེ་གཉིས་དང་། གུས་པས་མགོ་འདྲེན་དང་ཁྱེད་རྣམས་ཀྱིས་མཐའ་བསྐོར་ནས་སྐྱ་སེར་འདུས་པ་རྒྱ་མཚོ་རྣམས་མཉམ་འཛོམས་ཀྱིས་ད་རེས་ཟབ་ཆོས་བླ་ན་མེད་པ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འདི་ཉིད་ཀྱི་སྐབས་སུ་གོང་དུ་གསལ་བ་ལྟར་གནས་དུས་སོགས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་དུས་སྐལ་བ་བཟང་པོ་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་རྙེད་པའི་དུས་འདིར། ད་རེས་རང་མགོ་ཉི་མ་ཆོས་ཀྱིས་བཏོན་ནས་འཆི་ཁར་མི་འགྱོད་པའི་དམ་པའི་ཆོས་ཞིག་ངེས་པར་སྒྲུབ་དགོས་སོ། །གང་ཡིན་ཞེ་ན།

དུས་རབས་ཉེར་གཅིག་པའི་དུས་སྐབས་འདིར་མི་རྣམས་ཕལ་མོ་ཆེ་ཕྱི་ཡི་འདོད་ཡོན་ཁོ་ན་ལ་འགྲན་རྩོད་ཀྱིས་ནང་གི་རང་སེམས་འདུལ་སྦྱོང་བྱེད་པའི་བསམ་བློ་གཏོང་མཁན་ཉུང་ཞིང་། ལྷག་པར་དུ་ཐེག་ཆེན་དང་ནང་ཆོས་ཀྱི་གཞུང་བློ་སྦྱོང་སོགས་དམ་པའི་ཆོས་ཀྱི་འོད་ཀྱི་སྣང་བ་ཇེ་ནུབ་ཏུ་གྱུར་ཅིང་། རིམ་བཞིན་འབྱུང་བཞིའི་གཡོ་འཁྲུག་དང་། དམག་འཁྲུག་ནད་ཡམས་སོགས་ཀྱི་མཚོ་ཁ་རྡོལ་ཞིང་འགྲོ་བ་མི་རྣམས་ཉིན་མཚན་ཁོར་མོ་ཡུག་ཏུ་སྐྱབས་བྲལ་མགོན་མེད་དུ་གྱུར་ནས་ལུས་སེམས་གཉིས་ལ་ཉིན་མཚན་མི་འཁྱོལ་བའི་འཇིགས་སྔངས་ཀྱི་དུས་ཚོད་འདིར་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་། ཡང་དག་པའི་དམ་པའི་ཆོས་དང་ཕྲད་པ་ནི་ཆེས་སྐལ་བ་བཟང་པོ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།། གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།། དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་གསུངས་པ་ལྟར་དེང་སང་གི་དུས་འདིར་ཡང་དག་པའི་དགེ་བ་སྒྲུབ་མཁན་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཅིང་ཆོས་མིན་གྱི་སྡིག་ལས་བྱེད་མཁན་ནི་མཚན་མོའི་སྐར་མ་ལྟར་གྲངས་མང་བའི་དུས་ཚོད་འདིར། ང་ཚོ་སྔར་བྱས་བསོད་ནམས་དགེ་བའི་སྟོབས་ཀྱིས་ཆོས་ལྡན་བོད་ཀྱི་རིགས་སུ་སྐྱེས་ཏེ་ཆུང་ནས་རང་བཞིན་གྱིས་དམ་པའི་ཆོས་ལ་ལོངས་སྤྱོད་རྒྱུ་ཡོད་པའི་གོ་སྐབས་བཟང་པོ་དང་ལྡན། ལྷག་པར་དུ་ད་ལྟའི་བོད་ཀྱི་དུས་རབས་འདི་གཅིག་བྱས་ན་སོ་སོའི་ལུང་པ་གཞན་གྱིས་མི་འདོད་བཞིན་དུ་དབང་བསྒྱུར་འོག་ང་ཚོ་བོད་རིགས་རྣམས་ཁ་འཐོར་དུ་གྱར་དགོས་བྱུང་ཡང་། ཕྱོགས་གཞན་ནས་བསམ་བློ་བཏང་ན་འཕགས་མཆོག་སྤྱན་རས་གཟིགས་མི་ཡི་གཟུགས་སུ་རྣམ་པར་རོལ་པ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་རྗེས་སུ་བཟུང་ཞིང་། དེ་བཞིན་དུ་ཆོས་བརྒྱུད་གཞན་གྱི་བླ་ཆེན་རྣམས་ཀྱི་ཡང་དག་པའི་ལམ་སྟོན་དང་བཀའ་དྲིན་ལ་བརྟེན་ནས་དུས་ཐུང་ངུའི་ནང་བོད་བརྒྱུད་ནང་བསྟན་འདི་ད་ལྟ་འཛམ་གླིང་ནང་རྒྱ་རྒྱ་མཐོངས་ཀྱི་ཉི་ཤར་ལྟར་དར་བཞིན་པའི་དུས་སྐབས་བཟང་པོ་འདིར་དགའ་བ་བསྒོམ་དགོས་སོ། །མ་ཟད་ད་རེས་ཐེག་ཆེན་མདོ་སྔགས་ཟུང་འབྲེལ་གྱི་བདེ་ཆེན་ཞིང་གི་སྒྲུབ་ཐབས་བླ་ན་མེད་པ་འདི་ལའང་ཚུལ་བཞིན་ཞུགས་ནས་ཐོས་བསམ་སྒོམ་གསུམ་ཉམས་ལེན་བྱེད་རྒྱུ་ཡོད་པ་འདི་ཉིད་ཀྱང་ཆེས་སྐལ་བ་བཟང་པོ་ཡིན་བསམས་དགའ་སྤྲོ་དང་བཅས་པས་འཇུག་དགོས་པ་ནི་གནད་དམ་པའོ། །ཁ་ཅིག་གིས་བདེ་བ་ཅན་ལ་སྐྱེ་ཞེས་པ་དེ། གང་ཟག་སྒྲིབ་པ་སྲབ་ཅིང་དབང་པོ་རྣོན་པོ་འཕགས་ཆེན་བྱང་སེམས་རྣམས་སྐྱེ་བ་ལས་ང་ལྟ་བུའི་སོ་སྐྱེ་འཆིང་བ་ཀུན་ལྡན་ཐ་མལ་བ་ཞིག་ག་ལ་སྐྱེ་སྟེ་མི་སྐྱེའོ་སྙམ་ན། དེ་ནི་མ་ཡིན་ཏེ། ང་རང་ཚོ་ལ་རང་ངོས་ནས་དད་པ་མི་ལྡོག་པ་ཞིག་དང་། ཡི་དམ་དང་དམ་པའི་ཆོས་ལ་མི་བསླུ་བའི་དད་པ། དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ལ་ཧ་ཅང་བརྩོན་འགྲུས་དང་ལྡན་པ་གསུམ་དང་ལྡན་ན་བསླུ་མེད་ཀྱི་འབྲས་བུ་འབྱུང་སྟེ། སྡོམ་འབྱུང་ལས། བླུན་པོ་དད་པ་ཅན་རྣམས་ལ།། དེ་ལ་མཆོག་གི་དངོས་གྲུབ་ཉེ།། ཞེས་གསུངས་པ་ལྟར་གསང་སྔགས་ཀྱི་ཆོས་སྒྲུབ་པའི་རྩ་བ་ནི་མེད་དུ་མི་རུང་བ་གོང་དུ་བཤད་པའི་དད་པ་དང་། ཡིད་ཆེས། རང་ངོས་ནས་བརྩོན་འགྲུས་གསུམ་པོ་ཡིན་ནོ། །ད་རེས་གོང་དུ་བཤད་མ་ཐག་པ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྐལ་བ་བཟང་པོ་འདིར་ནམ་རྒྱུན་རི་རྩེ་དང་། ས་སྟོང་སོགས་ནས་སྨོན་ལམ་བཏབ་པ་དང་མི་འདྲ་བར་མདུན་གྱི་ནམ་མཁར་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་ཡོད་སྙམ་པའི་ངང་ནས་གཞུང་གི་བདེ་སྨོན་གྱི་ཚིག་རྣམས་ངག་ནས་འདོན་ཅིང་དོན་ཡིད་ལ་སྒོམ་ཞིང་དད་མོས་དང་ལྡན་པའི་ངང་ནས་བཏོན་ན་ནམ་ཞིག་རང་ཉིད་འཆི་བའི་སྐབས་སུ་འཆི་ཁའམ་ཡང་ན་བར་དོ་རུ་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པས་མངོན་སུམ་དུ་བདེ་ཆེན་ཞིང་དུ་ལམ་སྣ་འདྲེན་པར་འགྱུར་རོ། །ལྷག་པར་དུ་ད་རེས་བོད་རིགས་དང་ཧི་མ་ལ་ཡའི་མི་རིགས་ཡོལ་མོ་བ་རྣམས་དང་མཉམ་དུ་དད་པ་འགྱུར་བ་མེད་པའི་ཐོག་ནས་གནས་ཆེན་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་འགྲམ་དུ་ལྷན་ཅིག་ཏུ་འཛོམས་ནས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་གྲངས་མང་པོའི་རིང་རྒྱུ་ཚོགས་མཐུན་རྐྱེན་མ་ཚང་བ་མེད་པའི་ཐོག་ནས་སྒོམ་སྒྲུབ་བྱས་པ་འདི་ཉིད་ཀྱིས་འཆི་བའི་སྐབས་སུ་བདེ་བ་ཅན་དུ་སྐྱེ་མི་སྐྱེ་ཐེ་ཚོམ་གཏན་ནས་མི་དགོས་སོ། །འོད་མདོ་ལས། འོད་དཔག་མེད་ཀྱི་མཚན་ཐོས་ནས་དེ་ཞག་བདུན་དུ་དད་པ་རྩེ་གཅིག་པས་ཡིད་ལ་བྱས་དེ་བསྒོམས་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་ལ་དད་པའི་སེམས་ཀྱིས་ཤི་ནས་འོད་དཔག་མེད་འཁོར་དང་བཅས་པ་མཐོང་སྟེ་དེ་ཡི་ཞིང་དུ་སྐྱེ་བར་གསུངས་སོ། །

དེའང་འོད་དཔག་མེད་ཞིང་བཀོད་ཀྱི་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པར་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་ནས། ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བའི་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་ཐད་དུ་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། ཞེས་གསུངས་སོ། ། ནང་པའི་ཆོས་གཞུང་རྣམས་སུ་ད་ལྟའི་སེམས་ཅན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་མ་འདྲ་བ་མྱོང་བཞིན་པ་རྣམས་ནི་རྒྱུ་མེད་རྐྱེན་མེད་ལས་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་རྒྱུ་རྐྱེན་མང་པོ་ཚང་བའི་དབང་གིས་བྱུང་བར་འདོད་ཅིང་། རྒྱུ་བཟང་ངན་གྱི་རྗེས་སུ་འབྲས་བུ་འགྲོ་ལྡོག་བྱེད་ཅིང་། དཔེར་ན། དུག་གི་ས་བོན་ལ་འབྲས་བུ་ཡང་དུག་འབྱུང་ཞིང་སྨན་གྱི་ས་བོན་ལས་འབྲས་བུ་སྨན་འབྱུང་བ་ལྟར་རོ། །མ་འོངས་པའི་འབྲས་བུ་ནི་ད་ལྟའི་རྒྱུ་བཟང་ངན་གྱི་དབང་གིས་འབྱུང་བ་ཡིན་པར་ཅི་ནས་ཀྱང་ཤེས་དགོས་སོ། །དེ་ལ་མ་འོངས་པར་བདེ་བ་ཅན་དུ་སྐྱེ་བ་ལ་ད་ལྟ་ནས་གོང་གི་རྒྱུ་བཞི་པོ་ལ་ངེས་པར་བརྩོན་དགོས་ཏེ། རྒྱུ་ལ་མ་བལྟོས་པར་འབྲས་བུ་བཟང་པོ་ཞིག་འཐོབ་པར་རེ་བ་ནི་ཞིང་ནང་དུ་རྒྱུ་ས་བོན་དང་། རྐྱེན་ཆུ་ལུད་སོགས་གང་ཡང་མེད་པར་སྟོན་ཐོག་བཟང་པོའི་འབྲས་བུ་ཞིག་ལ་རེ་ལྟོས་བྱེད་པ་དང་མཚུངས་སོ། །མགོན་པོ་འོད་དཔག་མེད་འདི་ནི་སྙིགས་མ་ལྔ་བདོ་བའི་དུས་ངན་གྱི་སྐབས་སུ་ཐུགས་བསྐྱེད་དང་སྨོན་ལམ་སོགས་སངས་རྒྱས་གཞན་ལས་ལྷག་པ་ཞིག་ཡོད་པས་དུས་རབས་ཀྱི་ལྷ་ཞེས་དཔེར་ན་བོད་དང་། རྒྱ་ནག། ཉི་ཧོང་། ཀོ་རི་ཡ། ཝེཏ་ནམ་སོགས་ལུང་པ་མང་པོ་ཞིག་གི་སྤྱི་ཚོགས་ཀྱི་ཁྲོད་དུ་ཧ་ཅང་དར་སྲོལ་ཆེ། རྒྱུ་མཚན་གང་ཡིན་ཞེ་ན་སངས་རྒྱས་འོད་དཔག་མེད་ཀྱིས་སྙིགས་དུས་སྐལ་དམན་ཚེ་ཐུང་རྣམས་ལ་དགོངས་ནས་གོང་གི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་ལྡན་པས་བསྒྲུབས་ན་སྐྱ་སེར་མཆོག་དམན་ལ་མ་ལྟོས་པར་འཆི་བའི་སྐབས་སུ་བདེ་བ་ཅན་དུ་སྐྱེ་ཞེས་སངས་རྒྱས་རང་གིས་གསུངས་པ་དེ་ལ་ཡིད་ཆེས་བྱེད་པ་ནི་ཤིན་ཏུ་གལ་ཆེའོ། །གསོན་པོའི་ཚེ་སྒྲུབ་ལའང་སངས་རྒྱས་འོད་དཔག་མེད་འདི་བས་ལྷག་པ་ཞིག་མེད་དེ། གང་ཡིན་ཞེ་ན། འོད་དཔག་མེད་དང་ཚེ་དཔག་མེད་གཉིས་ནི་ཐབས་མཁས་ཀྱིས་གདུལ་བྱའི་སྣང་ངོར་སྣང་ཚུལ་ཐ་དད་ཙམ་ལས་དོན་དུ་ལྷ་གཅིག་ཡིན་པ་དང་མ་ཟད་ཞིང་ཁམས་ཀྱང་གཅིག་པ་ཡིན་ནོ། །ལར་ནས་ང་ཚོས་རང་རྒྱུད་ལ་ལེགས་པར་བརྟགས་ཤིང་དཔྱད་ན་དེ་སྔ་ཕན་ཆོད་ཚེ་སྟོད་ལ་བདག་གཅེས་འཛིན་གྱི་བློ་ངན་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས་དོན་མེད་རྫོགས་རྒྱུ་མེད་པའི་སྡིག་ལས་ཁོ་ནའི་ངང་དུ་ཉིན་མཚན་དུས་འདའ་བར་བྱས་ཤིང་། དེ་ཡང་ཞྭ་དམར་དཀོན་མཆོག་ཡན་ལག་གི་ཞལ་ནས། གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས།། ལུས་དར་ལ་བབས་ཚེ་བྲེལ་བས་གཡེངས།། ད་རྒས་ཤིང་འཁོགས་པར་གྱུར་པའི་དུས།། ཆོས་གཤའ་མ་དྲན་ཀྱང་འཕྱིས་ནས་གདའ།། ཞེས་གསུངས་པ་ལྟར་ཚེ་སྟོད་དམ་པའི་ཆོས་ཡང་དག་པ་ཞིག་མ་འགྲུབ་ཀྱང་།

དེ་རིང་ནས་བཟུང་སྟེ་འཆི་ཁའི་ཉིན་མོའི་ཚུན་འཆི་ཁར་འཇིགས་སྐྲག་དང་། ཤི་བའི་རྗེས་སུ་བར་དོའི་སྡུག་བསྔལ། དེ་ནས་རིམ་བཞིན་སྐྱེ་བ་རྗེས་མར་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་དམ་པའི་ཆོས་གཤའ་མ་ཡང་དག་པ་ཞིག་ཅིས་ཀྱང་བསྒྲུབ་དགོས་སྙམ་པའི་དམ་བཅའ་དང་ལྡན་པའི་ངང་ནས་ཆོས་ལ་བརྩོན་དགོས་སོ། །ལྷག་པར་དུ་བལ་ཡུལ་གནས་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་ལོ་རེར་བདེ་ཆེན་ཞིང་སྒྲུབ་ཐེངས་མ་གཅིག་ལས་མེད་པའི་དུས་ཚོད་འདིར་འདི་འདྲ་བའི་གོ་སྐབས་ཡང་ནས་མི་རྙེད་པ་ལ་བསམས་ནས་མཉམ་འཛོམས་བྱེད་དགོས་ངེས་རེད་བསམ་པས་རང་གིས་རང་ལ་སྐུལ་ལྕག་བྱེད་དགོས། །དལ་འབྱོར་གྱི་མི་ལུས་བཟང་པོ་འདི་རང་གི་ལྟོ་གོས་ཙམ་གྱི་ཆེད་དུ་བེད་སྤྱོད་བྱས་ནས་མི་ཚེ་རྫོགས་ན་གྱོང་ལ་དེ་བས་ཆེ་བ་ཞིག་དང་དེ་བས་བླུན་པོའི་ལས་ཤིག་མེད་དོ། ། སྤྱོད་འཇུག་ལས།

འདི་འདྲའི་དལ་བ་རྙེད་གྱུར་ནས།། བདག་གིས་དགེ་གོམས་མ་བྱས་ན།། འདི་ལས་བསླུས་པ་གཞན་མེད་དེ།། འདི་ལས་རྨོངས་པའང་གཞན་མེད་དོ། ། ཞེས་གསུངས་པ་ལྟར་རང་གིས་རང་ཉིད་མ་བསླུས་པར་ད་རེས་ཡར་འགྲོ་མར་འགྲོའི་ས་མཚམས་འདིར་མཚན་ལྡན་གྱི་བླ་མ་ཞིག་བསྟེན་ནས་ཡང་དག་པ་དམ་པའི་ཆོས་ལ་རིག་པ་བསྒྲིམས་ཏེ་འཆི་ཁར་མི་འགྱོད་པ་ཞིག་ངེས་པར་བྱེད་དགོས་སོ། །

སྔོན་ཚེ་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས།། སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །

ཐུགས་བསྐྱེད་ཟབ་མོའི་སྐྱ་རེངས་ཀྱིས་དྲངས་པའི།། དཔག་མེད་འོད་ཀྱིས་འགྲོ་བའི་སྨག་མུན་བསལ། །


རྒྱལ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་སྐུ།། མ་ཆགས་པདྨའི་ལྷ་མཆོག་སྣང་མཐའ་ཡས། །

སྙིགས་དུས་འགྲོ་ལ་བརྩེ་བའི་འོད་ཞགས་ཀྱིས།། བཅིངས་པའི་འགྲོ་རྣམས་སྐལ་པ་བཟང་པོར་གྱུར།།


ཐར་པའི་ལམ་སྟོན་དྲིན་ཅན་བླ་མ་དང་།། ལྷག་པའི་ལྷ་མཆོག་སངས་རྒྱས་འོད་དཔག་མེད། །

སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ།། སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །


ལེགས་བྱས་དགེ་བའི་སྤྲིན་གྱི་མེ་ཏོག་ཉིད།། གདུལ་བྱའི་བསོད་ནམས་ཞིང་དུ་ལེགས་ཕབས་ནས། །

དམ་ཆོས་ཐེག་ཆེན་འབྲས་བུ་ཟབ་མོ་འདིར།། མི་འབྲལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག།།

ཅེས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་འགྲེལ་བཤད་མདོར་བསྡུས་ཐར་པའི་ས་བོན་གྱི་ཆོས་ཁྲིད་ཉུང་ངུར་བྱས་པ་འདི་ཉིད་ཀྱང་། རང་ཉིད་ལ་མཁས་པའི་ཡོན་ཏན་དང་། གྲུབ་པའི་བརྟུལ་ཞུགས་སོགས་དམ་པར་དགོས་པའི་ཡོན་ཏན་ནི་སྣལ་སྐུད་ལྟར་ཕྲ་རུང་ཆོས་ཚུལ་འདི་ལ་ཆུང་ནས་མོས་ཤིང་། ནང་ཆེན་ཟུར་མང་མཁན་ཆེན་ཆོས་དབྱིངས་བཟང་པོ་དང་། ཁོ་བོའི་རྩ་བའི་བླ་མ་སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་སོགས་གཞན་མཁས་གྲུབ་མང་པོའི་མདུན་ནས་ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་ཆ་ཚང་ལེགས་པར་ནོད་པ་མ་ཟད་ཆོ་གའི་ཕྱག་ལེན་སོགས་ཀྱང་ལེགས་པར་ཐོབ་པའི་རྨོངས་བརྟུལ་གྱི་ན་བ་མཁས་མིན་མཁས་པའི་གོ་སར་འགྱིང་བ་ཀུན་གྱིས་མཁན་པོ་ཀར་བསྟན་དུ་འབོད་པས། བལ་ཡུལ་ཡོལ་མོ་བདེ་ཆེན་ཞིང་སྒྲུབ་ཚོགས་པ་རྣམས་ཀྱི་བསྐུལ་མ་ལྟར་སྙན་ངག་དང་། མཁས་ཚིག་གིས་མ་བཅིངས་པར་ཕལ་སྐད་དཀྱུས་མའི་ལམ་ནས་ཡིག་རིགས་གཞན་ལ་བསྒྱུར་བདེ་བའི་ཆེད་དུ། བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ། འཇམ་དབྱངས་ཆོས་འཁོར་གླིང་རང་ཤག་ཏུ་སྤྱི་ལོ་2005/5/10 ལ་སྦྱར་བའོ། །གོང་ལོར་བྲིས་པའི་མ་དཔེ་ཉིད་ཕྲན་གྱི་གློག་ཀླད་རྙིང་པའི་ཡིག་ཉོག་ཁྲོད་ནས་རྙེད་སོན་བྱུང་བས་རབ་གནས་ཆུ་སྟག་ལོའི་ཕྱི་ལོ་2022སྤྱི་ཟླ་10ཚེས་28ཉིན་ཨ་རིའི་བྱང་ཕྱོགས་ཁ་ལི་ཧྥོར་ཉི་ཡ་ཞི་བདེ་རྒྱ་མཚོའི་འགྲམ་དུ། ས་བཅད་ཀྱི་ཁ་སྐོང་དང་། གཞན་འཕྲི་སྣོན་ཅུང་ཟད་རེ་བགྱིས་ནས་མཇུག་ཡོངས་སུ་ལེགས་པར་གྲུབ་པར་བགྱིས་པའི་དགེ་བས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག། སརྦ་མངྒ་ལམ། དགེའོ། །

 

ལན་གཉིས་ཞུས་གྲུབ།