Wednesday, October 5, 2022

ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཐེངས་མ་བཅོ་ལྔ་པའམ་ལོ་འཁོར་བཅོ་ལྔ་པ།


འདས་པའི་ལོ་འགའ་ཡི་རིང་འཛམ་གླིང་སྤྱི་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ཏོག་དབྱིབས་ནད་ཡམས་གསར་རྙིང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སླེབས་ནས་འགྲོ་བ་མི་ལ་དཀའ་ངལ་སྣ་ཚོགས་འཕྲད་པའི་རྐྱེན་གྱིས་གུས་པས་འཚོགས་བཞིན་པའི་རྒྱ་གར་ལྷོ་ཕྱོགས་བདེ་ཆེན་ཞིང་སྒྲུབ་དང་། ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་སོགས་དྲྭ་རྒྱའི་རྒྱུད་ལས་མ་གཏོགས་དངོས་སུ་འཚོགས་མ་ཐུབ་ནས་ལོ་འགའ་སོང་། ད་ལོར་འགྲོ་བ་མི་ལ་ནད་ཡམས་ཀྱིས་ཅུང་གུ་ཡངས་གཏང་བའི་དུས་སྐབས་སུ་ཨ་རིའི་ནུབ་བྱང་བོད་རིགས་ཚོགས་པས་གྲ་སྒྲིག་ལྟར་སྤྱི་ཟླ་དགུ་པའི་ཚེས་བཅོ་ལྔ་ནས་སྔ་ཕྱི་སྡོམ་པས་ཉིན་དྲུག་རིང་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས། འདི་ལོའི་བདེ་ཆེན་ཞིང་སྒྲུབ་ལ་གུས་པའི་ཆོས་གྲོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དཀོན་མཆོག་ལགས་ཀྱང་ཆེད་ཕེབས་གནང་བ་ལ་ངེད་ཞིང་སྒྲུབ་བླ་སློབ་ཡོངས་ལ་ཧ་ཅང་བསྐལ་པ་བཟང་པོར་གྱུར། དགེ་བཤེས་ལགས་ནས་ཀྱང་དམ་པའི་ཆོས་ཀྱི་ཕན་ཡོན་དང་། ཁོང་ཁྲོའི་ཉེས་དམིགས་སོགས་ཀྱི་བཀའ་སློབ་ཡང་གནང་། ཉིན་ཐ་མ་གསུམ་རིང་ང་ཡི་ཆོས་གྲོགས་བླ་མ་ཀོ་ཟེན་གྱི་ཆོས་ཚོགས་སུ་བདེ་ཆེན་ཞིང་སྒྲུབ་བླ་སློབ་ཡོངས་རྫོགས་མཚམས་ལ་སོང་། ད་ལོའི་བདེ་ཆེན་ཞིང་སྒྲུབ་ཁོག་ཏུ་སྔ་ལོར་དབུ་འཛུགས་བྱས་པའི་རྫ་དཔའ་སྤྲུལ་གྱིས་མཛད་པའི་༼ཀུན་བཟང་བླ་མའི་ཞལ་ལུང་། ༽འཕྲོ་དེ་མུ་མཐུད་ནས་ཁྲིད་ལུང་ཚུལ་དུ་བཏོན། ཉིན་གསུམ་པའི་སྐབས་སུ་བླ་མ་ཀོ་ཟེན་ལགས་ནས་ཀྱང་སྙིང་རྗེའི་ཉམས་ལེན་སྐོར་ནུབ་ཕྱོགས་པའི་ལུགས་ལྟར་ཆོས་བཤད་ཀྱང་གནང་། བླ་མ་ཀོ་ཟེན་ལགས་ནི་ཆོས་ལུགས་ཝེར་ནམ་དང་། ཉི་ཧོང་གཉིས་འདྲེས་མ་དེང་དུས་གཟེན་གྱི་ཆོས་ལུགས་ཉམས་ལེན་གནང་མཁན་ཨ་རི་བའི་དགེ་སློང་ཞིག་ཡིན། འོན་ཀྱང་ཁོང་ནི་ཆོས་ལུགས་རིས་མེད་ལ་དོ་སྣང་དང་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས་ངེད་གཉིས་ཀྱི་ལྟ་སྤྱོད་མང་པོ་ཞིག་ནས་མ་བགྲོས་བསམ་པ་གཅིག་མཐུན་ཟེར་བ་དེ་རང་རེད་འདུག། གང་ལྟར་གནས་སྐབས་ཆོས་ལུགས་ཀྱི་མིང་དང་ཐ་སྙད་མི་འདྲ་བ་ཙམ་ལས་དོན་དུ་སྟོན་པ་གཅིག་གི་རྗེས་འབྲངས་ཤ་སྟག་ཡིན་སྟབས་བོད་ཀྱི་ཁ་དཔེར། རི་གཅིག་ལ་འཁོར་བའི་ལུག་ཁྱུ་དང་། ཆུ་གཅིག་ལ་གནས་པའི་ཉ་སྲམ་ཞེས་པའི་དཔེ་ལྟར་ངེད་གཉིས་ནི་ལས་ཀྱི་དབང་གིས་ལོ་མང་རིང་ལྟ་སྤྱོད་མཐུན་པའི་ཆོས་ཀྱི་གྲོགས་པོ་ཞིག་ཏུ་གྱུར།
བླ་མ་ཀོ་ཟེན་ལགས་ཀྱི་གཙུག་ལག་ཁང་དང་དགོན་པའི་ཆགས་ཡུལ་དང་ཁོར་ཡུག་ནི། དབེན་ཞིང་ཉམས་དགའ་ལ། ཡིད་དུ་འོང་བ། རི་མགོར་གངས་རི་དང་། རི་སྐེད་དུ་ནགས་ཚལ། དགོན་པའི་ཉེ་འགྲམ་དུ་མཚེའུ་དང་། རྒྱུག་ཆུ་སོགས་ཧ་ཅང་མཛེས་སྡུག་དང་ལྡན་པ་འདུག
དེ་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་བསམ་གཏན་ལེའུ་ལས།

ནགས་ན་རི་དྭགས་བྱ་རྣམས་དང་། །ཤིང་རྣམས་མི་སྙན་བརྗོད་མི་བྱེད།
།འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་གནས་པར་འདོད།

།ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ།
།ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ།

།ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡོངས་རྣམས་སུ།
།རང་དབང་སྤྱད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར།
ཞེས་སོགས་ཇི་ལྟར་གསུངས་པ་ལྟར་དབེན་པའི་གནས་ཀྱི་ཡོན་ཏན་མ་ཚང་མེད་པ་གདའོ།
ད་ལོའི་བདེ་ཆེན་ཞིང་སྒྲུབ་སྐབས་སུ་ནུབ་ཕྱོགས་པའི་ངོས་ཀྱི་ཆོགས་གྲོགས་འགའ་ཤས་ཀྱང་ཕེབས་འདུག བདེ་ཆེན་ལགས་ནས་ང་ཡི་ཆོས་བཤད་སྙིང་བསྡུས་རྣམས་སྔ་དགོང་བར་གསེང་སྐབས་སུ་སྐད་བསྒྱུར་ཀྱང་གནང་།
བདེ་ཆེན་ཞིང་སྒྲུབ་དངོས་གཞིའི་སྐབས་སུ་ཞོགས་པ་སྔ་བོར་ལངས་ནས་གསོ་སྦྱོང་གི་སྡོམ་པ་མཉམ་ལེན་དང་། དམར་ཟས་སྤངས་ཤིང་ཉིན་གུང་གསོལ་ཚིག་གྲུབ་ནས་རྒན་གོག་དང་། ནད་པ་ཡིན་ན་མ་གཏོགས་དགོང་ཟས་ཀྱང་མི་བཟའ། བདུན་གཉིས་ཀྱི་བར་གསེང་ཉིན་གསུམ་རིང་ང་ཡི་གུང་སང་ཡིན་སྟབས་བོད་རིགས་མི་ཚང་རེ་རེ་བཞིན་མགྲོན་འབོད་ལྟར་འགྲོ་ནས་བོད་ཟས་མོག་མོག་དང་། ཐུག་པ་སོགས་ལ་ལོངས་སྤྱོད་བཞིན་གང་ལྟར་ཨ་རིའི་པོར་ལེན་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ག་དུས་འཚོགས་ཀྱང་བན་རྒན་ང་ལ་ནི་ཟ་སྐྱིད་ཆོས་གསུམ་དུས་ཚོད་གཅིག་ལ་མཉམ་དུ་འཛོམས་གདའ།
གང་ལྟར་ནད་ཡམས་དེའི་རྐྱེན་བྱས་ནས་ལོ་གསུམ་རིང་ཆོས་གྲོགས་སློབ་མ་རྣམས་དངོས་སུ་ཞལ་མཇལ་མ་བྱུང་རིང་ད་རེས་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་སྐབས་སུ་དངོས་སུ་མཉམ་འཛོམས་བྱུང་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་ལོངས་སྤྱོད་རྒྱུ་བྱུང་བ་ང་ཚོ་དགེ་སློབ་ཡོངས་རྫོགས་ཧ་ཅང་དགའ་བོ་བྱུང་།
མཐར་སྨོན་པ།
ལྷ་གཅིག་སངས་རྒྱས་སྣང་བ་མཐའ་ཡས་དང་། །ཆོས་གཅིག་བདེ་ཆེན་ཞིང་སྒྲུབ་ཆེན་མོ་གཉིས།
།སྙིགས་དུས་ཐར་འདོད་རྣམས་ཀྱི་སྐྱབས་གནས་ཡིན་པས། །ལམ་འདིར་འཇུག་པའི་སྐལ་པ་བཟང་ངམ་སྙམ།

རྒྱ་གར་ལྷ་གཅིག་བསྒྲུབས་པས་འཚེངས་པ་དང་། །བོད་ཀྱི་ལྷ་མང་བསྒྲུབས་ནས་འཕོངས་སོ་ཞེས།
།བདེན་གཏམ་གནམ་ལྕག་དྲག་པོའི་ཐོག་མདའ་འདིས། །བོད་བླུན་ཨ་འཐས་ཅན་གྱི་བྲག་རྫོང་སྟོར།

དབང་ཞུ་སྐྱབས་གནས་མང་པོ་ད་མི་དགོས། །དེ་སྔ་ཡོད་པའི་དབང་ཆོས་དེས་ཆོག་གི།
ཡི་དམ་ཁྲོ་བོའི་ལྷ་ཚོགས་ད་མི་དགོས། །གཅིག་ཆོག་རྒྱལ་པོ་ཡོད་པ་དེས་ཆོག་གི།

བདག་ནི་སྐྱེ་བ་ཀུན་ཏུ་ཞིང་སྒྲུབ་ཀྱི། དམ་ཆོས་སྣང་བའི་འོད་དང་མི་འབྲལ་བར།
འཆི་ཁའམ་བར་དོའི་སྣང་བར་ཤར་མ་ཐག། བཙན་ཐབས་བདེ་བ་ཅན་དུ་སྐྱེ་བར་ཤོག།

སྐྱེས་མ་ཐག་ཏུ་སྣང་བ་མཐའ་ཡས་ཀྱི། །གསུང་གི་དམ་ཆོས་ཟབ་མོར་ལོངས་སྤྱད་ནས།
ས་ལམ་ཡོན་ཏན་འབྲས་བུ་མཐར་ཕྱིན་ཏེ། །འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག