Sunday, April 17, 2022

ངེས་པར་ཉིན་ཐོ་འབྲི་དགོས་པའི་རྒྱུ་མཚན།

ངེས་པར་ཉིན་ཐོ་འབྲི་དགོས་པའི་རྒྱུ་མཚན།
དེ་རིང་ངས་ཉིན་ཐོ་འབྲི་དགོས་པའི་རྒྱུ་མཚན་ཁ་ཤས་ཞིག་གི་ཐོག་ནས་བཤད་ན་བསམ་བྱུང་། ངོས་ལ་ལྟོས་ན་ཉིན་ཐོ་འབྲི་རྒྱུ་ལ་ཧ་ཅང་དགའ་བོ་ཡོད། ༡༩༩༤་ཙམ་ནས་ངས་ཉིན་ཐོ་འབྲི་རྒྱུ་བོད་ནས་འགོ་འཛུགས་བྱས་པ་ཡིན།

སྐབས་དེ་དུས་ཉིན་ཐོ་ཞེས་ཐ་སྙད་མི་ཟེར་བརྗེད་ཐོ་ཟེར་དར། ད་ལྟ་ནང་བཞིན་གློག་ཀླད་དང་། ལག་འཛིན་ཁ་པར་སོགས་སྒྲ་ཙམ་ཡང་མི་གྲགས་ཀྱང་སྨྱུག་ཤོག་ཐེབ་ཆག་ཀྱིས་ཉིན་ཐོ་ལག་པས་འབྲི་དར། དེ་ནས་༡༩༩༨ རྒྱ་གར་ལ་སྐྱབས་བཅོལ་ལ་ཡོང་ནས་བཟུང་སྟེ་ཉིན་ཐོ་འབྲི་རྒྱུ་སྟབས་ཇེ་བདེ་ལ་སོང་ནས་མུ་མཐུད་ནས་ཉིན་ཐོ་བྲིས།

ཉིན་ཐོ་ལ་དགེ་མཚན་ཧ་ཅང་མང་པོ་ཡོད་ཀྱང་མདོར་བསྡུས་ནས་བཤད་ན་དོན་ཚན་བཞི་རུ་འདུས།

༼དང་པོ་ནི། ཉིན་ལྟར་ཁྱེད་ནས་ཉིན་ཐོ་བྲིས་པ་ཡིན་ན་མ་འོངས་པར་ཁྱེད་རང་གི་མི་ཚེའི་དྲན་རྟེན་ཡག་ཤོས་ཞིག་ཏུ་འགྱུར་ཐུབ། 

༼གཉིས་པ་ནི། ཉིན་ལྟར་རང་གི་བྱས་བ་ཆེ་ཕྲ་གང་བྱས་ཉིན་ཐོའི་ལམ་དུ་བཀོད་པ་ཡིན་ན་ལོ་བཅུ་ཕྲག་འགའ་ཡི་རྗེས་ནས་ཕྱི་མིག་ཞིག་བལྟས་པ་ཡིན་ན་རང་བཞིན་གྱི་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དེབ་ཆེན་འཐུག་པོ་ཞིག་ཏུ་འགྱུར་ཚར་ཡོད།

༼གསུམ་པ་ནི། ཉིན་ལྟར་ཉིན་ཐོ་བྲིས་པ་ཡིན་ན་ཉིན་ཐོའི་རྒྱུད་ནས་ཁྱོད་རང་གི་རྩོམ་རིག་དང་། སྙན་ངག། སུམ་རྟག་དག་གསུམ་རང་བཞིན་གྱིས་ཡར་རྒྱས་སུ་འགྲོ་ཞིང་ལོ་བཅུ་ཕྲག་འགའ་ཡི་རྗེས་ནས་ཉིན་གཅིག་རིག་གནས་ཀྱི་འཛིན་གྲྭ་གཅིག་ཀྱང་འགྲིམས་མ་དགོས་པར་རང་བཞིན་གྱིས་རྩོམ་པ་པོ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ།

༼བཞི་པ་ནི། ཉིན་རེ་བཞིན་དུ་མ་ཆད་པར་ཉིན་ཐོ་ལོ་འགའ་ཤས་སུ་བྲིས་པ་ཡིན་ན་ཐ་ན་ཡང་ཁྱེད་རང་གི་བོད་ཡིག་མཛུབ་མནོན་ལ་ཧ་ཅང་བྱང་ཆུབ་ཅིང་ཐོགས་པ་མེད་པར་གྱུར་པ་ཡིན་ནོ།
ང་ཚོ་བོད་རིགས་ཁྲོད་དུ་ནམ་རྒྱུན་མི་ཚེའི་འཚོ་བའི་ཁྲོད་སོ་སོའི་ལོ་རྒྱུས་དང་འབྲེལ་བའི་དེབ་འབྲི་རྒྱུ་དང་། གཞན་གྱིས་བརྩམས་པའི་དེབ་སོགས་བཀླག་རྒྱུ་ལ་དེ་ཙམ་དོ་སྣང་མེད་པའི་སྐྱོན་ཆ་ཞིག་ཡོད། ལྷག་པར་དུ་སོ་སོའི་མི་ཚེའི་ལོ་རྒྱུས་འབྲི་ཞིང་ཉར་ཚགས་བྱེད་རྒྱུ་ལ་དེ་བས་ཀྱང་དོ་སྣང་མེད་མཁན་གྱི་མི་རིགས་ཞིག་ཡིན། མང་པོ་ཞིག་ནས་སོ་སོའི་ལོ་རྒྱུས་འབྲི་ཟེར་དུས་བསམ་བློའི་ནང་དུ་འདི་ལྟར་དྲན་གྱི་ཡོད། ང་མཁས་པ་ཞིག་མིན། ང་བླ་མ་སྐད་གྲགས་ཅན་ཞིག་ཀྱང་མིན། ང་རྒྱལ་པོ་དང་སྐུ་དྲག་སོགས་ཀྱི་ནང་མི་ཞིག་ཀྱང་མིན། ང་ལོ་རྒྱུས་འབྲི་འོས་པའི་མི་སྣ་ཞིག་དེ་བས་ཀྱང་མིན་བསམ་ནས་རང་གིས་རང་ལ་བརྙས་བཅོས་ཀྱི་སྟོང་བསམ་མིན་མེད་མང་པོ་དགག་སྒྲས་མདུན་ལམ་བཀག་ནས་མི་ཚེའི་ཡར་རྒྱས་ལ་མདུན་མཆོངས་ཀྱི་བཀག་རྡོ་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་ནོར་བ་ཡིན་ཏེ་བོད་ཀྱི་ལོ་རྒྱུ་དང་རྒྱལ་རབས་ཤེས་འདོད་ཡོད་ན་དང་ཐོག་རང་ཉིད་ཀྱི་ལོ་རྒྱུས་ནས་འགོ་འཛུགས་བྱེད་དགོས། རང་ཉིད་གང་ཡིན་པ་རང་གིས་མ་ཤེས་ན་གཞན་གྱིས་ཁྱོད་རང་ཇི་ལྟར་ཤེས་ཐུབ། རང་གི་ལོ་རྒྱུས་རང་གིས་འབྲི་དགོས། རང་གི་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཆ་ཤས་ཞིག་ཀྱང་ཡིན། བོད་མི་རེའི་སོ་སོའི་ལོ་རྒྱུས་རེ་བྲིས་ན་ད་བཟོད་བོད་ཀྱི་ལོ་རྒྱུས་རང་བཞིན་གྱིས་ཕྱུག་པོ་ཆགས་ཐུབ། 
ལྷག་པར་དུ་ང་ཚོའི་དུས་རབས་ཀྱི་མི་ཞིག་ཡིན་པའི་ཆ་ནས་དེ་དང་མཐུན་པའི་དུས་རབས་ཀྱི་འགྱུར་འགྲོས་རྣམས་རྗེས་ཟིན་པར་བྱེད་དགོས། འགའ་ཤས་ཞིག་ནས་ད་དུང་ཡང་ལོ་རབས་བདུན་བཅུའི་ནང་གི་ལྟ་བ་ཁུར་ནས་འགྲོ་ས་དེང་དུས་སྤྱི་ཚོགས་ནང་དུ་འཛུལ་ན་ཕན་ཚུན་ཆ་མི་སྙོམས་པའི་གདོང་ཐུག་གིས་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་ཡིན། འདི་ལྟ་བུའི་སྟོང་ཆ་འདི་ཁ་བསབ་གྱི་ཆེད་དུ་དེང་སང་འཛམ་གླིང་སྐར་ཆ་གཅིག་གི་ནང་ནས་མཛུབ་སྐོར་བྱེད་པའི་དུས་ཚོད་འདིར་ངེས་པར་ཅན་གྱིས་རྒྱལ་གཅེས་ཀྱི་དྲྭ་ཚིག་འདི་རྣམས་བདེ་སྤྱོད་བྱེད་དགོས། དཔེར་ན་དེང་སང་འཛམ་གླིང་ནང་ཆེས་སྐད་གྲགས་ཅན་གྱི་མི་སྣ་མང་པོ་ཞིག་དྲྭ་རྒྱའི་རྒྱུད་ལམ་Google Search the world's information,འདིའི་ཐོག་བདམ་གསེས་གནང་ནས་བྱ་དགའ་དང་གཟེངས་རྟགས་སོགས་འབུལ་གྱི་ཡོད། ཉེ་བའི་ཆར་ཐེ་ཝན་ལ་བཞུགས་པའི་ངོས་ཀྱི་གྲོགས་པོ་ཞིག་ལ་ངེས་པར་དྲྭ་རྒྱ་Website ཞིག་དང་ཉིན་ཐོ་Blog ཞིག་མཉམ་དུ་བཟོས་དང་། ངས་ཁྱེད་ལ་རོགས་རམ་གང་ཐུབ་བྱེད་ཆོག་ཞུས་པ་ཡིན། ཁོང་གི་བཞུགས་གནས་ཐེ་ཝན་ལ་ད་དུང་དྲྭ་རྒྱའི་བསྟན་པ་དར་མེད་པ་འདྲ་འདོད་མོས་དེ་ཙམ་གནང་མ་སོང་། ཁོང་ནི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་མ་ཟད་ཐེ་ཝན་སོགས་ལ་ཆོས་ཚོགས་མང་ཞིང་ཆོས་ཕྱོགས་ཀྱི་ཕྱག་ལས་ཧ་ཅང་ཡག་པོ་གནང་མཁན་ཞིག་ཡིན་སྟབས་གལ་སྲིད་ཁོང་ནས་དྲྭ་རྒྱ་ཡག་པོ་ཞིག་ཡོད་ན་ཁོང་གི་ཕྱག་ལས་ལ་གཞོགས་འདེགས་ཀྱི་ཕན་ཐོག་ཆེན་པོ་ཞིག་ཡོང་གི་རེད་བསམ།
ངས་དྲྭ་རྒྱ་དང་པོ་སྒོ་འབྱེད་བལ་ཡུལ་ནས་༢༠༠༣ལོར་བྱས་པ་ཡིན། སྐབས་དེ་དུས་ཡུལ་དུས་ཀྱི་མཐུན་རྐྱེན་ཞན། ཆོས་སྲིད་ཀྱི་སྙོམ་ལག་མ་རྒྱས་པའི་སྒང་ཡིན་ཀྱང་དྲྭ་རྒྱ་དེས་ཧ་ཅང་ཕན་ཐོག་ཆེན་པོ་བྱུང་། དེ་ནས་རིམ་བཞིན་ཡར་རྒྱས་གཏང་ནས་ད་ལྟ་སྤྱི་སྒེར་དྲྭ་རྒྱ་གཉིས་དང་ཉིན་ཐོ་ཞིག་བཅས་གསུམ་ཙམ་ཡོད།
དེང་སང་འཛམ་གླིང་མཛུབ་སྐོར་བྱེད་པའི་དུས་རབས་འདིར་མང་པོ་ཞིག་ནས་གཞན་གྱི་མིང་མ་ནོར་བ་ཞིག་ཤེས་ན་ལམ་སང་Google Search ནང་ནས་འཚོལ་གྱི་ཡོད།
ལོ་དྲུག་གི་ཡར་སྔོན་ནས་ཞོགས་པ་ཅི་ཆ་མེད་པར་མི་ཞིག་ནས་ཁ་པར་ཞིག་སླེབས་བྱུང་། དེ་ནི་དབྱིན་ལན་ལ་གནས་བཞུགས་ཆེས་སྐད་གྲགས་ཅན་གྱི་རྒོད་བྲོའི་གློག་བརྙན་འཁྲབ་སྟོན་པ་Karl Pilkingtonཁོང་གི་གློག་བརྙན་The Moaning of Life ཁོང་རེད་འདུག ངས་ཁ་པར་ནང་ནས་ཁྱེད་རང་སུ་ཡིན། ཁ་པར་གང་ནས་གཏོང་གི་ཡོད། ཅི་ཡི་ཕྱིར་དུ་ཁ་པར་གཏང་བ་ཡིན། ཅེས་དྲི་བ་གསུམ་དྲིས་དུས། ཁོང་གི་ལས་རོགས་ནས་འདི་ལྟར་ཟེར། ཁྱེད་རང་Manjushri Dharma Centre གྱི་བདག་པོ་མཁན་པོ་ཀར་བསྟན་ཨི་ཡིན། ངས་ཁ་པར་ད་ལྟ་དབྱིན་ལན་ནས་གཏོང་གི་ཡོད། ངས་ཁ་ལི་ཧྤོ་ཉི་ཡ་California བོད་ཀྱི་ཆོས་ཚོགས་དང་བླ་མ་སུ་དང་སུ་ཡོད་ཅེས་གྷོ་གྷུལ་སྐད་ཆ་ལ་དྲིས་དུས་ཁྱེད་རང་གི་དྲྭ་རྒྱ་གྷོ་གྷུལ་ Google རྒྱུད་ནས་རག་བྱུང་ཟེར། དེ་ནས་ཁོང་ཚོ་ཟླ་བ་རྗེས་མར་འདིར་ཡོང་ནས་ངོས་ཀྱི་མཉམ་དུ་སྐར་མ་བཅོ་ལྔ་ཅན་གྱི་གློག་བརྙན་ཞིག་བཟོས་པ་རེད། དེ་དཔེ་མཚོན་གཅིག་རང་ཡིན། དེ་དང་དེ་འདྲ་བ་མང་པོ་ཞིག་ང་ལ་དྲྭ་རྒྱ་འདིའི་རྒྱུད་ནས་ཆོས་ཚོགས་ཀྱི་ལས་འཆར་རྣམས་ལ་རང་བཞིན་གྱིས་ཆེ་མཐོང་དང་། ཆོས་ཕྱོགས་ཀྱི་ལས་ཀ་རྣམས་ཀྱིས་འཛམ་གླིང་སྤྱི་ལ་སྙོབ་ཐུབ་པ་སོགས་ཧ་ཅང་ཕན་ཐོག་ཆེན་པོ་བྱུང་།
ཁྱེད་རྣམ་པ་འགའ་ཤས་ཞིག་ནས་གུས་པས་བྲིས་པའི་ཉིན་ཐོར་དགོས་པ་དེ་ཙམ་མེད་པ། ལ་བཤད། ལུང་བཤད། ཟོས་རབས་དང་། འཐུང་རབས། སོང་རབས་དང་། བསྡད་རབས་སོགས་ཉི་མ་འཁྱོལ་བའི་ཉོབ་བྲིས་འདྲ་ཞིག་མཐོང་སྲིད་ཀྱང་། ང་ཡི་ཞེ་འདོད་ལ་དེ་ལས་དམིགས་ཡུལ་ངེས་ཅན་ཞིག་ཡོད་པས་དེ་ལུགས་སུན་སྣང་མེད་པར་ཞུ།

Friday, April 8, 2022

གླིང་སྤྲུལ་རིན་པོ་ཆེའི་མདུན་ལ་སོང་བའི་ཉིན་མོ།

གླིང་སྤྲུལ་རིན་པོ་ཆེའི་མདུན་ལ་སོང་བའི་ཉིན་མོ།

ཉེ་བའི་ཆར་སྔ་ནས་དུས་ཆད་བྱས་པ་ལྟར་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ་ཆོས་མིང་དུ་པདྨ་སྒྲོལ་དཀར་ཡུལ་མིང་དུ་Heidi ཞེས་ལོ་མང་རིང་ང་ཡི་སློབ་མ་རྙིང་ཤོས་སུ་གྱུར་པ་ཕ་ཡུལ་ཇོར་མེན་ནས་ཡིན་པའི་ཨ་མ་དེས་ཁ་རྩང་ཞོགས་པ་རླངས་འཁོར་སྐོར་ནས་ཆུ་ཚོད་གཅིག་ཙམ་སར་བཞུགས་པའི་གུས་པའི་རིང་ནས་འདྲིས་པའི་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོའི་ནང་དུ་སོང་། དེ་ནི་དེ་རིང་ངེད་གཉིས་ཀ་མགོ་ལོག་ཁྲ་གླིང་དགོན་པའི་བསྟན་བདག་གླིང་སྤྲུལ་རིན་པོ་ཆེ་མཇལ་ལ་མཉམ་དུ་འགྲོ་རྒྱུ་དེ་ཡིན། གླིང་སྤྲུལ་རིན་པོ་ཆེ་ནི་ཕ་ཡུལ་མགོ་ལོག་གླིང་གེ་སར་གྱི་དགོན་པ་ཡོངས་གྲགས་དུ་༼༼ཁྲ་གླིང་དགོན།༽ཞེས་པ་སྔ་འགྱུར་རྙིང་མའི་མ་དགོན་དྲུག་ལས། སྟོད་ནས་རྡོར་སྨིན་གཉིས། བར་ནས་ཞེ་རྫོགས་གཉིས། སྨད་ནས་ཀཿདཔལ་གཉིས་ཞེས་ཡོངས་གྲགས་སུ་རྙིང་མའི་དགོན་ཞེན་དྲུག་གི་ཡ་གྱལ། ཤར་རྒྱལ་བ་ཀཿཐོག་པའི་ཆོས་རྒྱུད་ཀྱི་ཁོངས་གཏོགས་ཁྲ་གླིང་དགོན་ནས་རེད་འདུག། ཁྲ་གླིང་དགོན་ནི་གེ་སར་གྱི་ཁྲ་མོ་གླིང་ཞེས་པའི་བསྡུས་མིང་ཞིག་ཡིན་སྐད་འདུག།
གང་ལྟར་གླིང་སྤྲུལ་རིན་པོ་ཆེ་ནི་མགོ་ལོག་ཁྲ་གླིང་དགོན་པའི་བསྟན་བདག་བླ་ཆེན་ཞིག་ཡིན་པ་སྔ་མོ་ནས་ཐོས་མྱོང་ཡོད། ཉིས་སྟོང་ལྔ་ལོར་མ་ལེ་ཤཱ་སོགས་ལ་སྐོར་ཉུལ་བྱེད་བཞིན་པའི་སྐབས་སུ་སྟེས་དབང་གིས་ཉིན་གཅིག་མ་ལེ་ཤཱའི་རྒྱལ་ས་ཀོ་ལ་ལམྦུ་ནས་རྙིང་མའི་ཆོས་ཚོགས་ཞིག་ནང་དུ་ཐེངས་དང་པོ་གླིང་སྤྲུལ་རིན་པོ་ཆེ་དང་ངོ་ཤེས་བྱུང་།
ཉིས་སྟོང་དྲུག་ལོར་ཡང་སྐྱར་ཉིན་གཅིག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནང་ནས་སྔར་ལོའི་ངོ་ཤེས་རྙིང་པ་གླིང་སྤྲུལ་རིན་པོ་ཆེ་དང་ཐེངས་གཉིས་པ་མཇལ་འཕྲད་བྱུང་། སྐབས་དེ་དུས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་འགྲམ་དུ་ཡོད་པའི་ངོས་ཀྱི་ཆོས་ཚོགས། ༼འཇམ་དབྱངས་ཆོས་འཁོར་གླིང་༽Mnjushri Dharma Centre ལ་གདན་ཞུ་བྱས་ནས་གུས་པའི་སྤུན་མཆེད་དང་ནང་མི་རྣམས་ཀྱིས་རིན་པོ་ཆེར་ཉིན་གུང་གསོལ་ཚིག་ཞིག་ཀྱང་འདེགས་འབུལ་ཞུས།
སྐབས་དེ་དུས་རིན་པོ་ཆེ་བལ་ཡུལ་ལ་བཞུགས་ཡུན་རིང་ག་དུས་ཡིན་ཀྱང་མཆོད་རྟེན་སྐོར་ཞོར་ཆོས་ཚོགས་སུ་ནང་ཚགས་སུ་ཕེབས་གནང་གི་ཡོད། དེ་ནས་བཟུང་རིན་པོ་ཆེ་ནི་ངེད་བུ་སྤུན་སྐྱ་སེར་གཉིས་དང་ཕན་ཚུན་ནང་འདྲིས་ཀྱི་གྲོགས་པོ་ཞིག་ཏུ་གྱུར། རིན་པོ་ཆེ་ནི་ནམ་རྒྱུན་འདོད་ཆུང་ཆོག་ཤེས་དང་། གཉོམ་ཆུང་། ཕན་ཚུན་གཏམ་གླེང་སྐབས་ཁ་རུ་ཁ་ཐུག་གང་དྲན་གསུང་ཞིང་། ཀུ་རེ་དང་རྒོད་གཏམ་སོགས་ལ་ཧ་ཅང་ཐུགས་དགྱེས་མཁན་ཞིག་ཀྱང་རེད་གདའ། ཉིན་གཅིག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ཉེ་འཁྲིས་སུ་ཚིག་ཇ་འཐུང་ས་ཞིག་ནང་ཁོང་གི་བཞུགས་གནས། ཨ་རི་ཁ་ལི་ཧྥོར་ཉ་ཡ་ཡིན་སྟབས་ཨ་རིའི་ས་ཆ་དེ་སྐྱིད་རབས་དང་། མཐུན་རྐྱེན་ཡག་རབས་སོགས་མང་པོ་གསུངས་ནས་མཐར་ང་ཨ་རིའི་ཕྱོགས་ལ་ཡོང་ན་ཁོང་ནས་མགྲོན་ཤོག་རོགས་རམ་གནང་དགོས་གསུངས་སོང་། ངས་ཀྱང་གལ་སྲིད་ཐོང་མཆན་ཝི་ས་ཞིག་རག་ན་ལུང་པ་དེའི་མི་སེར་ལག་ཁྱེར་ཞིག་བྱུང་ན་བསམ་པ་དེ་ནམ་རྒྱུན་ང་ཡི་སེམས་ནང་གི་རྨི་ལམ་དེ་ཡིན།
དེ་ནས་རིན་པོ་ཆེ་བལ་ཡུལ་ནས་ཨ་རིར་ཕེབས་གྲུབ་མ་ཐག་ཉིན་གཅིག་ཁོང་ནས་ང་ལ་མགྲོན་ཤོག་གང་དགོས་ཆ་ཚང་ཞིག་གཏང་གནང་འདུག སྐབས་དེ་དུས་ངོས་ཀྱི་ཕྱི་བསྐྱོད་ལག་ཁྱེར་དེ་བལ་ཡུལ་གྱི་ཕྱི་བསྐྱོད་ལག་ཁྱེར་རྫུན་མ་ཞིག་ཡིན་སྟབས་ཐོང་མཆན་ཝི་ས་ལ་གྲ་སྒྲིག་འཐུས་ཚང་བྱས་ནས་༢༠༠༦་ལོར་ཟླ་ཚེས་སོགས་ཇི་བཞིན་གསལ་པོ་མི་དྲན་ཡང་ཉིན་གཅིག་དབྱིན་སྐད་དང་། བོད་སྐད། བལ་སྐད་གསུམ་ལ་ཐོགས་པ་མེད་པ་བུ་བསྟན་འཛིན་ཟེར་བ་ཞིག་སྐད་བསྒྱུར་ལ་གླས་ནས་བལ་ཡུལ་རྒྱལ་ས་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་སོང་། སྟབས་ལེགས་པ་ཞིག་ལ་དེའི་ཉིན་མོ་ཐོང་མཆན་ཝི་ས་སྤྲད་མཁན་དེ་ལ་དབྱིན་ཇི་བོད་སྐད་ཐལ་ཐོལ་ཤེས་མཁན་ཞིག་དང་ཁེལ་འདུག
ཁོ་རང་གི་བོད་སྐད་ཆག་རོ་དེ་རྒྱབ་ནས་ང་ལ་ནང་ཆོས་ཀྱི་ཐོག་ནས་དྲི་བ་འགའ་ཤས་དྲིས་བྱུང་བས་ངས་སྤོབས་པ་མཐོན་པོའི་སྒོ་ནས་རེ་རེ་བཞིན་ལན་བཏབས། སྐར་མ་བཅུ་གྲངས་ཙམ་གྱི་རྗེས་སུ། བོད་སྐད་ཆག་རོ་དེའི་ཐོག་ནས་འདི་ལྟར་ཟེར། ༼ཁྱོད་རང་དངོས་གནས་མཁན་པོ་རེད་ཤག། ང་ཡི་ལུང་པའི་ནང་ལ་གསུངས་ཆོས་ཡག་པོ་གནང་རོགས། ངས་དེ་རིང་ཁྱོད་རང་ལ་ཝི་ས་ཡག་ཤོས་དེ་སྤྲད་ཀྱི་ཡིན༽ཟེར་བས་སེམས་དགའ་ལྷང་སེ་འདྲ་བ་ཞིག་ལས་གཞན་གང་ཡང་མ་བྱུང་།
སྐབས་དེ་དུས་ངོས་ཀྱི་ཟུར་ནས་ཀྱི་ཐོང་མཆན་ཝི་ས་ཞུ་མཁན་ལོ་གཞོན་ཁ་ཤས་ངུ་ཞིང་ཁ་ཤས་གད་མོ་དགོད་པ་སོགས་མཐོང་དུས་ངོས་ཀྱི་སྐད་བསྒྱུར་བསྟན་འཛིན་ནས་འདི་ལྟར་ཟེར། ༼མཁན་པོ་ཁྱོད་རང་དཔེ་བསོད་ནམས་ཆེན་པོ་རེད། དཀོན་མཆོག་གསུམ་ཉེ་ཆར་ང་བླ་མ་གཞན་དག་ཞིག་གི་སྐད་བསྒྱུར་ཆེད་དུ་འདིར་ཡོང་ཡང་ཁོང་ནས་ཨ་རིའི་ཝི་ས་རག་མ་སོང་ད། ལར་ནས་མི་འདི་རྣམས་ལ་གཟིགས་དང་དགའ་སྡུག་གི་རྣམ་འགྱུར་གང་འདྲ་འདུག་ཟེར།༽ངས་ཀྱང་གཡས་གཡོན་ཕྱོགས་སུ་ལྟ་ཙམ་བྱས་པས་བལ་པོའི་མི་རིགས་ཀྱི་ལོ་ཆུང་བུ་མོ་ཁ་ཤས་ངུ་བཞིན་པ་མཐོང་དུས་དེ་ནི་ཁོང་ཚོའི་ཝི་ས་མ་རག་པའི་སྡུག་བསྔལ་ཡིན་པ་ད་གཟོད་ཤེས་བྱུང་། དེའི་སྐབས་སུ་ཨ་རིའི་ཝི་ས་གལ་ཆེན་པོ་ཇི་ལྟར་ཡིན་པ་ཤེས་ཀྱི་མེད་ཀྱང་ད་ལྟ་ཕྱི་མིག་གཅིག་ལྟ་ཡོང་དུས་དངོས་གནས་རྩ་ཆེན་པོ་ཞིག་རེད་འདུག ལྷག་པར་དུ་དེང་སང་ང་འདུག་སའི་ས་གནས་འདིར་མི་སུ་ཡིན་ཀྱང་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མེད། ད་ལྟ་ས་གནས་འདིར་རྫིག་ཉམས་སྟོན་ནས་འདུག་རྒྱུ་ཡོད་པ་དང་། གལ་སྲིད་འཛམ་གླིང་ས་ཆ་གང་དུ་འགྲོ་དགོས་ཀྱང་མགྲོན་ཤོག་དང་ཝི་ས་སོགས་གང་ཡང་མི་དགོས་པར་ཤར་བསྐྱོད་བྱེད་ནས་འགྲོ་འདུག་ཆོག་པ་འདི་ནི་དེ་རིང་ང་འགྲོ་སའི་ཁྲ་གླིང་དགོན་པའི་སྤྲུལ་སྐུ་གླིང་སྤྲུལ་རིན་པོ་ཆེའི་སྐུ་དྲིན་ཉག་གཅིག་ཡིན།
དེ་རིང་ང་རིན་པོ་ཆེའི་སྐུ་མདུན་ལ་ཆེད་བཅར་བྱེད་རྒྱུ་དེ་ཡང་གོ་ཐོས་ལྟར་བྱས་ན་ཁོང་སྔ་ནས་སྐུ་གཟུགས་བདེ་བོ་དེ་ཙམ་མེད་པས་སྙུན་འདྲི་དང་ཞོར་དུ་མགྲོན་ཤོག་གནང་བའི་བཀའ་དྲིན་དྲིན་གསོའི་ཆེད་དུ་ཙམ་ཡིན། ཁ་སང་ནས་གྲ་སྒྲིག་བྱས་ཟིན་པའི་ཚེ་ལྷ་རྣམ་གསུམ་གྱི་ཐང་ཀ་དེ་ལ་པར་སྒྲོམ་ཡག་པོ་ཞིག་བསྒྲིགས་ནས་ཆོས་ཚོགས་ཀྱི་སློབ་མ་རྣམས་ཀྱིས་མིང་རྟག་བསྡུས་པའི་ཤིས་ཤོག་བཅས་ཁུར་ནས་ཞོགས་པ་ཆུ་ཚོད་བཅུ་པའི་སྐབས་སུ་ཆོས་ཚོགས་ཀྱི་འགན་འཛིན་ཟུར་པ་དང་ལྷན་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད་པའི་Santa Cruz ལ་བཞུགས་པའི་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོའི་ནང་དུ་སོང་། བླ་མ་ལེགས་བཤད་བཟང་པོ་ཡང་དེ་རིང་ང་དང་མཉམ་དུ་གླིང་སྤྲུལ་རིན་པོ་ཆེ་མཇལ་མཉམ་དུ་འགྲོ་རྒྱུ་དེ་ཡིན། ཁོང་ཡང་ང་དང་གནས་སྟངས་གཅིག་པ་གླིང་སྤྲུལ་རིན་པོ་ཆེའི་མགྲོན་ཤོག་རྒྱུད་ནས་ས་གནས་འདིར་ཕེབས་མཁན་ཞིག་རེད་འདུག། དེ་ནས་ངེད་གསུམ་རླངས་འཁོར་གཅིག་ནང་དུ་ཞུགས་ནས་སོང་བས་ཉིན་རྒྱབ་ཆུ་ཚོད་དང་པོ་དང་སྐར་མ་སུམ་བཅུ་ཙམ་གྱིས་གཞི་ནས་རིན་པོ་ཆེའི་བཞུགས་ནས་སུ་འབྱོར། རིན་པོ་ཆེ་ནི་ཁོང་གི་ཚ་མོའི་ནང་དུ་བཞུགས་འདུག། ས་ཆ་དང་ཁོར་ཡུག་སོགས་གང་ལ་བལྟས་ཀྱང་ཧ་ཅང་སྐྱིད་པོ་རེད་འདུག ཁང་པའི་རྒྱབ་ལོགས་ཉི་རའི་ནང་དུ་ང་ཚོ་ཚང་མ་གདན་འཛོམས་པའི་ཐོག་ནས་ཆོས་གྲོགས་བླ་མ་ལེགས་བཤད་བཟང་པོ་ངེད་གཉིས་ནས་སྔ་ས་ནས་སོ་སོའི་གྲ་སྒྲིག་བྱས་པའི་སྐུ་གསུང་ཐུགས་རྟེན་དང་། ཚེ་ལྷ་རྣམས་གསུམ་གྱི་སྐུ་ཐང་སོགས་བརྟན་བཞུགས་ཀྱི་ཚུལ་དུ་སྟབས་བདེའི་ངང་ནས་ཕུལ་བས་རིན་པོ་ཆེ་ཡང་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་གནང་སོང་། 
རིན་པོ་ཆེའི་ཚ་མོ་ནས་ང་ཚོར་བོད་ཟས་མོག་མོག་མང་པོ་ཞིག་བཟོས་འདུག་སྟབས་གཡག་ལྟོག་རྩ་དང་འཕྲད་པ་ནང་ལྟར་ཁ་བརྡ་བྱེད་བཞིན་འགྲང་ཚད་ཟོས། ཆུ་ཚོད་གཉིས་པའི་རྗེས་སུ་ཕན་ཚུན་གྱེས་བྲལ་གྱི་ཐོད་གཏུག་དང་། ལག་འཇུ་སོགས་བྱེད་བཞིན་རླངས་འཁོར་ཁ་ San Jose ཕྱོགས་ལ་གཏད་ནས་ཕ་ཡུལ་རྒྱ་རོང་ནས་ཡིན་པའི་བླ་མ་ལེགས་བཤད་བཟང་པོའི་ཆོས་གྲོགས་བླ་མ་དྲི་མེད་བློ་གྲོས་ཀྱི་ཆོས་ཚོགས་སུ་སྔ་ནས་དུས་ཆད་བྱས་པ་ནང་བཞིན་དེར་སོང་།
བླ་མ་དྲི་མེད་བློ་གྲོས་ནི་ཕ་ཡུལ་རྒྱ་རོང་ནས་ཡིན་ཞིང་ཨ་རིར་བོད་ཀྱི་བླ་མ་ཐོག་མའི་གྲས་སུ་ཕེབས་མཁན་རྒྱ་སྤྲུལ་རིན་པོ་ཆེའི་སྐུ་ཚ་ཡང་རེད་འདུག སློབ་གཉེར་གནང་ས་གསེར་རྟ་ཆོས་སྒར་ཡིན་ཅིང་དགུང་ལོ་ཆུང་ཡང་རྒྱ་དབྱིན་སོགས་སྐད་རིགས་སྣ་མང་མཁྱེན་མཁན་ཞིག་དང་། མཇལ་ཚོད་ལ་བབས་ལྷིང་བརྟན་གསུམ་དང་། ཤེས་འཇོན་ངར་གསུམ་དང་ལྡན་པ་ཞིག་ཏུ་སྣང་། ཆེས་རིན་གོང་ཆེ་སའི་ས་ཆ་San jose གྲོང་ཁྱེར་ནང་དུ་ཆོས་ཚོགས་ཧ་ཅང་སྤུས་ལེགས་སྒེར་ཐོག་ཏུ་ཉོས་ཚར་འདུག

ཆོས་ཚོགས་ནང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་སྨན་སྐུ་གསོན་ཉམས་དང་ལྡན་པ་ཟུར་དུ་བཅར་ན་གསུང་བྱོན་མི་ཡོང་ང་བསམ་པ་ཞིག་གསར་གཞེངས་གནང་འདུག ཆོས་ཚོགས་སུ་མཇལ་ཁ་ཚང་མ་གྲུབ་མ་ཐག་འཁྲིས་སུ་ཡོད་པའི་ཁོང་གི་གཟིམས་ཆུང་དུ་ང་ཚོ་ཚང་མ་མཉམ་དུ་སོང་བས་ཁོང་ནས་སྔ་ནས་གྲ་སྒྲིག་གནང་ནས་སྟབས་བདེའི་ཐུག་པ་ཞིམ་པོ་ཞིག་བསྐོལ་བྱུང་བས་ཕན་ཚུན་གླེང་མོལ་བྱེད་བཞིན་ཡང་སྐྱར་འགྲང་ཚད་འཐུང་ནས་དགོང་མོ་ཆུ་ཚོད་ལྔ་དང་ཕྱེད་སྐབས་སུ་ཕན་ཚུན་གནས་སྐབས་གྱེས་བྲལ་གྱི་དབུ་ཐོད་དང་། ལག་འཇུ་སོགས་བྱས་ནས་ང་ཚོའི་རླངས་འཁོར་ཁ་ཕྱོགས་Monterey ཕྱོགས་སུ་བསྒྱུར་ནས་ལམ་དུ་ཞུགས། ལམ་བར་དུ་དེ་རིང་གི་གནས་གཤིས་དེ་སྐྱིད་རབས་དང་། བླ་མ་རྣམས་ཀྱིས་མགྲོན་པོ་ལ་སྣེ་ལེན་དེ་ཡག་རབས། མོག་མོག་དང་ཐུག་པ་སོགས་ཞིམ་རབས་རླངས་འཁོར་ནང་ནས་ལབ་གླེང་བྱེད་བཞིན་ཡོང་བས་བླ་མ་ལེགས་བཤད་བཟང་པོའི་བཞུགས་གནས་ Santa Cruz སུ་དགུང་མོ་ཆུ་ཚོད་བདུན་པ་ཙམ་ལ་འབྱོར་ཞིང་བླ་མ་དེར་ཕབས་ནས་ཡང་སྐྱར་རླངས་འཁོར་ཁ་ཕྱོགས་Pacific Grove ལ་བསྒྱུར་ནས་ངེད་གཉིས་ཁ་བརྡ་བྱེད་བཞིན་ད་གཟོད་གཞི་ནས་ཆུ་ཚོད་བརྒྱད་པ་ཏག་ཏག་ལ་རང་གནས་འཇམ་དབྱངས་ཆོས་འཁོར་གླིང་ལ་བདེ་འབྱོར་བྱུང་།
དེ་རིང་གི་ཉིན་མོ་དབྱིན་སྐད་དུ་Long day ཟེར་བ་ལྟར་ཉིན་གང་འགྲོ་རྒྱུ་མང་དྲགས་པའི་སྟབས་ཀྱིས་དགུང་ཟས་མེད་པར་ཉལ་སར་སོང་ནས་གཉིད་དུ་ཡུར།

སྐྱེ་བ་ཀུན་ཏུ་ཡང་དག་ཆོས་གྲོགས་དང་། །འབྲལ་མེད་དཔལ་ལྡན་བླ་མར་ལོངས་སྤྱོད་ཅིང་།
།ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

Saturday, April 2, 2022

མི་གཤིས་དང་། ཡ་རབས་བཟང་སྤྱོད་དགོས་རྒྱུ་གལ་ཆེན་པོ་ཡིན་པ།


བརྗོད་བྱ། མི་གཤིས་དང་། ཡ་རབས་བཟང་སྤྱོད་དགོས་རྒྱུ་གལ་ཆེན་པོ་ཡིན་པ།
གསུང་པ་པོ། མཁན་རིན་པོ་ཆེ་ཀར་བསྟན་མཆོག
གསུང་ཡུལ། ཆོས་གྲོགས་གླིང་།
སྒྲ་ཕབ་པ། ཉི་མ་ཚེ་རིང་།

དུས་ཚེས། ཕྱི་ལོ་༢༠༢༠/༩ /༤/ལ།


དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་པ་མེད་པའི་དཔལ་མགོན་དྲིན་ཆེན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་ཞིང་། སྐྱབས་སུ་མཆིའོ། རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།
རྣམ་དག་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །ཏིང་འཛིན་དཔག་མེད་རི་ཀླུང་བཀོད་པས་མཛེས།།
ཤེས་རབ་ཉི་ཟླའི་སྣང་བས་ཆོས་ཀུན་གསལ། །ཐུབ་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།

ཡ་ད་ཆོས་གྲོགས་གླིང་དུ་བཞུགས་པའི་ཚོགས་གཙོ་པདྨ་མཚོ་མོ་ལགས་གཙོ་བོར་བྱས་པའི་ང་ཡི་ཆོས་གྲོགས་ཕོ་མོ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་ད་ལྟ་ང་སྡོད་སའི་ས་ཆ་ལ་སྔ་དྲོའི་ཆུ་ཚོད་བཅུ་གཅིག་རེད་འདུག ཐོག་མར་ཁྱེད་རྣམ་པ་ས་གནས་གང་དུ་བཞུགས་ཡོད་ཀྱང་།
ས་གནས་དེ་དང་མཐུན་པར་ཞོགས་པ་ཡིན་པ་རྣམས་ལ་ཞོགས་པ་བདེ་ལེགས། ཉིན་དགུང་རྣམས་ལ་ཉིན་དགུང་བདེ་ལེགས་དང་། དགོང་དྲོ་ཡིན་པ་རྣམས་ལ་དགོང་མོ་བདེ་ལེགས་ཞེས་ཞུ་གི་ཡིན།
གོང་དུ་ཚོགས་གཙོ་པདྨ་མཚོ་མོ་ལགས་ཀྱིས་ཡི་གེ་བཏང་འདུག་ལ། བཀའ་མོལ་ཡང་གསུངས་འདུག གཞན་དག་མང་པོ་ཞིག་གིས་ཀྱང་དེ་འདྲ་བོ་གསུངས་འདུག བྱས་ཙང་བཀའ་མོལ་གནང་མཁན་ཁྱེད་རྣམ་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞེས་ཞུ་གི་ཡིན། ཆོས་གྲོགས་གླིང་འདི་ནི་ང་ལ་མཚོན་ན་དེ་སྔ་བྱེད་མ་མྱོང་བའི་ལས་ཀ་དམིགས་བསལ་བ་ཞིག་ཆགས་སོང་། ངས་ད་ནུབ་འདི་ལ་ལག་པ་འཆང་དགོས་དང་མ་དགོས་བསམ་བློ་མང་པོ་ཞིག་བཏང་བ་ཡིན། ང་རང་ནམ་རྒྱུན་དུས་ཚོད་ཀྱིས་མ་འདང་ནས་བསྡད་ཡོད། དུས་ཚོད་ཡོད་པའི་སྐབས་ལ་ཐུན་འདྲ་བསྡམས། དགེ་སྦྱོར་འདྲ་གང་ཐུབ་བྱེད་ཀྱི་ཡོད་པའི་ཁུལ་རེད། ད་ལྟ་ནད་ངན་དེས་རྐྱེན་བྱས་ནས་ཆོས་ཚོགས་སུ་མི་ཡོང་གི་མེད་ཙང་ང་རང་རྐྱེན་ངན་གྲོགས་ཤར་བྱུང་ནས་དགེ་སྦྱོར་ཉམས་ལེན་སོགས་བྱེད་རྒྱུ་གོ་སྐབས་བྱུང་ནས་དཔེ་ཀློག་དང་། ཐོས་བསམ་སོགས་ལ་དུས་ཚོད་གཏང་ནས་བསྡད་ཡོད། དེ་འདྲ་ཡིན་ཙང་ཆོས་གྲོགས་གླིང་གི་དྲ་ཚིག་འདིའི་སྟེང་དུ་དུས་ཚོད་བཏང་ན་ཁེ་ཕན་གང་འདྲ་ཡོད་དང་མེད། རང་ངོས་ལ་གྱོང་དང་གཞན་ངོས་ལ་ཁེ་ཕན་ཆེ་བ་ཡོད་ན་དྲན་ནས་ངས་ཁ་སང་འདིའི་ཐོག་ལ་བསམ་བློ་མང་པོ་ཞིག་བཏང་བ་ཡིན། དེ་འདྲའི་བསམ་བློ་བཏང་ནས་ཐ་མའི་ཐག་གཅོད་ང་རང་གིས་བྱས་པ་ཡིན། གོ་སྐབས་དེ་བླངས་པ་ཡིན་ལ།
ང་ལ་ར་གན་གསེར་རློམ་ཅན་དད་གུས་དང་རེ་ལྟོས་བྱེད་མཁན་ཆོས་གྲོགས་ཕོ་མོ་དང་སློབ་མ་འགའ་ཤས་ཞིག་ལ་ཕན་ཐོག་ཡོང་གི་རེད་བསམ་པ་ཞིག་བྱུང་སོང་།
ལར་ནི་ཆོས་གྲོགས་གླིང་ཞེས་པ་འདི་གསར་འཛུགས་བྱེད་དགོས་པའི་རྒྱུ་མཚན་ནི། ནམ་རྒྱུན་རྒྱ་གར་ལྷོ་ཕྱོགས་ཀོ་ལི་སྒར་དང་། ཨ་རིའི་པོར་ལེན་སོགས་ལ་ནམ་རྒྱུན་ང་ལ་འབྲེལ་བ་ཡོད་མཁན་བོད་རིགས་ཆོས་གྲོགས་མང་པོ་ཡོད་པ་རེད། ནད་ངན་དེས་རྐྱེན་བྱས་ནས་ང་ཚོ་ཕན་ཚུན་ལོ་ལྟར་འཚོགས་བཞིན་པའི་བདེ་ཆེན་ཞིང་སྒྲུབ་རྒྱུད་ནས་ཆོས་ཁྲིད་དང་ཐོས་བསམ་སྒོམ་གསུམ་རྣམས་ས་གནས་གཅིག་ཏུ་ངོ་འཛོམས་ཐོག་མཉམ་དུ་བྱེད་མི་ཐུབ་པ་ཡིན་ཙང་གནས་སྐབས་ང་ཚོ་འབྲེལ་བ་མཐུད་ས་འདྲ་ཞིག་སྤྱི་ལ་སྙོབས་ཐུབ་སའི་དྲ་ཚིག་འདི་ངས་བསམ་བློ་གཏང་ནས་སྒོ་ཕྱེས་ནས་པདྨ་མཚོ་མོ་ལགས་ལ་གནས་སྐབས་སྟངས་འཛིན་དང་འགན་ཁུར་གནང་རོགས་ཞུས་པ་རེད།
མ་འོངས་པར་བླ་སློབ་ཆོས་གྲོགས་ཕན་ཚུན་སྐྱིད་སྡུག་མཉམ་གླེང་བྱེད་ས་དང་། ཕན་ཚུན་འབྲེལ་མཐུད་བྱེད་སའི་ཟམ་པ་ལྟ་བུ་ཞིག་ཡིན། འོན་ཀྱང་ཉེ་ཆར་འགའ་ཤས་ཞིག་ནས་བཀའ་སློབ་དང་ཆོས་བཤད་དགོས་པའི་དགོངས་ཚུལ་གསུངས་པ་ལྟར་དེ་རིང་འདིར་ཆོས་མ་བཤད་པའི་གོང་དུ་ང་རང་གི་བསམ་ཚུལ་འགའ་ཤས་ཞིག་བཤད་ན་བསམ་པ་རེད།
སྤྱིར་བཏང་ཆོས་འཆད་མཁན་གྱི་བླ་མ་དེ་ང་འདྲ་བ་གང་ཡང་མི་ཤེས་མཁན་ལེ་ལོ་དང་། སྙོམ་ལས་ཅན་ཞིག་གི་ལས་ཀ་མ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ནང་དུ། དངོས་གནས་ནང་ཆོས་དགེ་རྒན་ཚད་དང་ལྡན་པ་ཞིག་བྱེད་འདོད་ཡོད་ན། དང་པོ་རང་ཉིད་ལ་ཐོས་བསམ་སྒོམ་གསུམ་སོགས་ཀྱི་ཉམས་ལེན་མཐར་ཕྱིན་པར་བྱས་ནས་ད་གཟོད་གཞན་སེམས་ལྐོག་གྱུར་གནས་ལུགས་རྟོགས་པའི་མངོན་ཤེས་ཡོད་དགོས་གསུངས་ཡོད་པ་རེད།
གུས་པའི་བླ་མ་ཁྲ་ཆོག་མཁན་ཆེན་ཀརྨ་ཚེ་བརྟན་མཆོག་ནས་ཀྱང་ནམ་རྒྱུན་འདི་འདྲ་གསུང་གི་ཡོད། ༼ཁྱེད་རང་ཚོ་དང་པོ་ཉིད་ནས་གཞན་ལ་ཆོས་བཤད་སྔ་མ་བྱེད། རང་རྒྱུད་ལ་ཉམས་ལེན་མེད་ན་ཁ་བདེ་བོའི་ཆོས་ཇི་ཙམ་བཤད་ཀྱང་མི་ལ་ཕན་ཐོག་གི་མ་རེད། དེ་བས་དང་པོ་ཁྱེད་རང་གིས་ཉམས་ལེན་ཡག་པོ་བྱོས། དེ་ནས་གཞན་ལ་ཆོས་བཤད་བྱོས། ཆོས་ཀྱི་སྦྱིན་པ་ཟེར་དུས་གལ་ཆེན་པོ་ཞིག་གཞན་ལ་སྤྲད་དགོས་པ་རེད། དང་པོ་ཁྱོད་རང་ཆོས་ཀྱི་དབུལ་པོར་གྱུར་ཡོད་ན་གཞན་ལ་གང་སྤྲད་དགོས་རེད། སྤྲད་རྒྱུ་མི་འདུག་ག། དཔེར་ན།
མི་ཞིག་གིས་ང་ཁ་སྐོམ་གྱི་འདུག་ཁྱོད་རང་གི་ཕོར་པའི་ནང་གི་ཆུ་དེ་ཅུང་ཙམ་ང་ལ་སྤྲད་རོགས་ཟེར་ན་དང་པོ་ཁྱོད་རང་གི་ཕོར་པ་ནང་ལ་ཆུ་ག་ཚད་འདུག་ལྟ་དགོས་པ་རེད་བ། ཁྱོད་རང་གི་ཕོར་པ་ནང་དུ་ཆུ་གཞན་ལ་སྤྲད་རྒྱུ་ཕར་ཞོག་ཁྱོད་རང་ལའང་འཐུང་རྒྱུ་མེད་ན། ད་དུང་ངས་གཞན་ལ་ཆུ་སྤྲད་ཀྱི་ཡིན་ཟེར་ན་གད་མོ་ཤོར་བྱས་རེད་བ། དང་པོ་ཁྱོད་ཚོས་ཉམས་ལེན་ཡག་པོ་བྱོས།༽
ཞེས་ཡང་ནས་ཡང་དུ་གསུང་གི་ཡོད་པས་ཁོང་གིས་གང་གསུངས་པ་དེ་ངས་དེ་རིང་འདིར་ཡིག་ཐོག་ཏུ་བཀོད་པ་ཡིན།
དེ་བཞིན་དུ་ལམ་སྒྲོན་ལས།
ཇི་ལྟར་འབད་གཤོག་མ་སྐྱེས་པའི། །བྱ་ནི་མཁའ་ལ་འུར་མི་ནུས།
།དེ་བཞིན་མངོན་ཤེས་སྟོབས་བྲལ་བའི། །སེམས་ཅན་དོན་བྱེད་ནུས་མ་ཡིན།
ཅེས་གསུངས་སོ།
གལ་སྲིད་གཞན་སེམས་ཤེས་པའི་མངོན་ཤེས་དེ་ལྟར་མེད་ཀྱང་མ་མཐའ་ལའང་བསླབ་བྱ་བྱེད་ཡུལ་དང་བསླབ་བྱ་བྱེད་མཁན་གཉིས་ཀྱི་བར་ལ་མ་འདྲ་བ་ཞིག་ངེས་པར་དགོས་རེད།
དེའང་ཇི་སྐད་དུ།
རང་ཐར་པའི་སྐམ་སར་མ་ཕྱིན་པར། །མི་གཞན་ལ་འདྲེན་སྟོན་བྱེད་པ་དེ།
།དེ་གཉིས་ཀྱང་ཅུང་ཟད་མ་མཐུན། དཔེ་ཆུས་ཁྱེར་མི་ལ་མིས་འཇུས་འདྲ།
ཞེས་གསུངས་པ་ལྟར་ཁྱོད་རང་རྣམས་ལ་ངས་བསླབ་བྱ་བྱེད་ཁུལ་འདི་ཕྱོགས་གང་ནས་བལྟས་ཀྱང་ལོང་བ་ཞིག་གིས་ལོང་བ་གཞན་ཞིག་ལ་ལམ་སྟོན་བྱེད་ཁུལ་གཅིག་པ་རེད་འདུག་བསམ། གང་ཡིན་ཟེར་ན་ང་དང་ཁྱོད་རང་ཚོ་གནས་ཚད་འདྲ་བོ་ཆགས་བསྡད་ཡོད་པས་རེད། གང་ལྟར་ཡང་ད་རེས་གོང་དུ་ཞུས་པ་ནང་བཞིན་འདིའི་ནང་དུ་སྐད་ཆ་བཤད་རྒྱུ་དེ་ང་རང་གི་ངོས་ནས་ཐ་མའི་ཐག་གཅོད་འདྲ་བྱས་པ་ཡིན་ཙང་། དེ་རིང་འདི་ལ་ཐེངས་དང་པོ་སྐད་ཆ་བཤད་ཀྱི་ཡོད།

ངས་སྒེར་གྱི་ཝ་ཚི་ཨེབ་(Whatsapp)ཟེར་བའི་སྐད་ཕྲིན་འདི་བཟོས་ནས་ལོ་ཁ་ཤས་འགྲོ་གི་ཡོད། དེང་སང་དྲ་རྒྱའི་དུས་རབས་ཡིན་ཙང་ང་ཡི་གྲོགས་པོ་དགེ་བཤེས་དང་བླ་མ་རྣམས་ནས་ཝེ་ཆར་ཊི་གཙོར་བྱས་པའི་སྐད་ཕྲིན་གྱི་རྒྱུད་ལམ་མང་པོ་ཞིག་ནང་ཚོགས་པ་བཙུག་ནས་མི་མང་སྟོང་ཕྲག་མང་པོར་ཆོས་སྲིད་གཉིས་ཀྱི་ཐོག་ནས་སྐད་ཆ་བྱེད་ནས་ཉིན་མཚན་སྦྲེལ་ནས་དུས་ཚོད་གཏོང་གི་ཡོད་ས་རེད། ཕན་ཐོག་ཡང་ཆེན་པོ་ཡོང་གི་འདུག་ཟེར། སྤྱིར་གཏང་ད་ལྟའི་དུས་རབས་འདི་བརྡ་ཕྲིན་དང་། དྲྭ་རྒྱའི་དུས་རབས་ལ་འགྱུར་བ་ཡིན་ཙང་ང་རང་ཚོ་འགྲོ་བ་མི་རྣམས་ཀྱང་ཁ་ཕྱོགས་དུས་རབས་ཀྱི་རྗེས་ཟིན་པར་བྱེད་ནས་འགྲོ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཞིག་རེད་འདུག་བསམ། ངས་འདིའི་སྐོར་ལ་དབྱིན་ཇི་ཐོག་ནས་ཉིན་ཐོ་ཞིག་ཀྱང་གཏང་ཚར་མ་ཐག་ཡིན། འོན་ཀྱང་བསམ་རྒྱུ་ཆོས་ལས་མ་གཏོགས་མེད་མཁན་ཕྱི་མ་དོན་གཉེར་ཆོས་པ་ཡང་དག་པ་ཞིག་གི་ངོས་ལ་དེང་དུས་ཀྱི་སྤྱི་ཚོགས་དྲྭ་རྒྱའི་ནང་དུ་མི་མང་པོ་ཞིག་ནས་ཉིན་མཚན་ཀུན་ཏུ་མགོ་བོ་འཁོར་ནས་དོན་མེད་མི་ཚེ་རྫོགས་པ་འདི་གྱོང་ཧ་ཅང་ཆེན་པོ་ཞིག་ཡིན་པ་མ་ཟད་འདི་ལ་ཡ་མཚན་དུ་འཛིན་ནས་བསྡད་ན་འཁྲུལ་པ་ལས་ཀྱང་ཉིང་འཁྲུལ་ཞེས་པའི་ཚིག་ངོ་མ་འདི་རེད་འདུག་བསམ་གྱི་ཡོད། ངས་དེ་རིང་འདིར་སྐད་ཆ་བཤད་ཡོང་དུས་གཅིག་བྱས་ན་མགོ་མཇུག་གང་ཡང་མེད་པ་འདྲ་ཆགས་ཀྱི་རེད་དྲན་གྱི་འདུག གང་ཡིན་ཟེར་ན་ནམ་རྒྱུན་མི་ལ་དངོས་སུ་ཐུག་ནས་སྐད་ཆ་བྱེད་ཀྱི་ཡོད་རེད། དེ་རིང་མདུན་ལ་མི་གཅིག་ཀྱང་མཐོང་རྒྱུ་མེད་པར་ལག་འཛིན་ཁ་པར་ཁ་ལ་གཏུག་ནས་ཆོས་བཤད་བྱེད་རྒྱུ་འདི་ལ་ཁྱད་མཚར་བོ་ཞིག་འདུག ཡིན་དུས་ཙ་ནས་དེ་ཙམ་སྟབས་བདེ་བོ་མེད་པ་འདྲ་ཞིག་འདུག་ཀྱང་གང་དྲག་ཐབས་ཤེས་བྱེད་ཀྱི་ཡིན། མ་གཞི་དྲྭ་ཚིགས་འདིའི་ནང་ལ་ཡོད་མཁན་ང་ཡི་ཆོས་གྲོགས་དང་ཉེ་འབྲེལ་ཤ་སྟགས་ཡིན་ཙང་། སྐད་ཆའི་རྒྱུད་རིམ་ནས་ནོར་བ་དང་འཁྲུལ་བ་སོགས་བྱུང་ན་ཡང་ཁྱེད་རྣམ་པས་ནང་ཚག་རང་བྱས་ནས་དགོངས་འགལ་མེད་པ་གནང་རོགས་ཞུ་གི་ཡིན།
དེ་རིང་ངས་འདིར་སྐད་ཆ་བཤད་ཡ་དེ་ཆོས་ཐུན་ཉིན་དང་པོ་རེད། བརྗོད་གཞི་ནི་ང་རང་གིས་བདམ་པ་ཡིན། བརྗོད་གཞི་དེ་༼མི་གཤིས་ཡག་པོ་དང་ཡ་རབས་བཟང་སྤྱོད་སྐོར་༽ཡིན། དེ་ཡང་བརྗོད་གཞི་དེ་བདམ་དགོས་པའི་རྒྱུ་མཚན་ནི། ཆོས་དེ་གལ་ཆེན་པོ་རེད་ཟེར་ནས་དང་པོ་ཉིད་ནས་ཆོས་ཕྱོགས་ལ་འཁྲིད་འགྲོ་བ་ཙམ་མ་ཡིན་པར། དང་པོ་ཆོས་སྒྲུབ་མཁན་གང་ཟག་དེ་ཉིད་མི་ཞིག་ཡིན་པའི་ཆ་ནས་མི་གཞི་བཟང་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཤག། ༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ནས་འཛམ་གླིང་གི་ས་ཆ་གང་དུ་ཕེབས་ཀྱང་དགོངས་གཞི་ཧ་ཅང་རྒྱ་ཆེན་པོའི་ཐོག་ནས་མི་མང་ལ་གསུང་བསྡད་པའི་༼ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་༽ཅེས་པ་དེ་དཔེ་མི་སྲིད་པའི་དགོས་པ་ཆེན་པོ་དང་། ཡིད་བཞིན་ནོར་བུའི་དགོངས་གཞི་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་རེད་དྲན་གྱི་འདུག
འགའ་ཤས་ཞིག་ནས་ང་བོད་པ་ཡིན། མ་ཟད་ང་ནང་པ་ཡིན། དེ་དང་མ་ཟད་ང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན། ང་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དགོས་དོན་མེད་བསམ་ན།
དེ་ནི་དགོས་ས་འདུག་གམ་མི་འདུག་སོ་སོའི་ལུས་ངག་གི་བྱ་སྤྱོད་ལ་བརྟག་དཔྱད་བྱེད་རྒྱུ་རེད། ཡག་པོ་ཞིག་བྱས་ནས་བསམ་བློ་གཏང་ན་དེང་སང་ང་བསྡད་ས་འདི་ཨ་རི༼་ཁ་ལི་ཧྥོ་ཉ་རེད།༽ འབྲི་སྟངས་གཞན་ཞིག་ཡོད་ན་དགོངས་འཆར་གསུང་གནང་རོགས། མཆན། ང་ཡི་སློབ་མ་དང་ཆོས་གྲོགས་ཚང་མ་མགོ་སེར་ས་གནས་འདིའི་མི་རིགས་ཤ་སྟགས་རེད། ཁོང་ཚོ་ཚང་མ་ནང་པ་མ་རེད། ཡིན་ན་ཡང་མི་ལ་རོགས་པ་བྱེད་རྒྱུ་དང་། རང་བཞིན་གྱིས་མི་ལ་གནོད་འཚེའི་བསམ་བློ་ཉུང་བ། དུད་འགྲོ་ལ་བྱམས་སྐྱོང་། ཁོར་ཡུག་སྲུང་སྐྱོབ་སོགས་གང་ལ་བལྟས་ཀྱང་ང་ཚོ་ཤར་ཕྱོགས་པའི་ནང་པ་ཡིན་ཟེར་ནས་ང་རྒྱལ་གྱིས་འགྱིང་འགྲོས་བྱེད་ནས་འགྲོ་བསྡད་མཁན་ལས་ལྷག་པ་ཞིག་མང་པོ་དངོས་སུ་མཐོང་རྒྱུ་འདུག།
ཆོས་པ་ཞིག་ཡིན་དགོས་ན་དང་པོ་ཡ་རབས་བཟང་སྤྱོད་དེ་རྨང་གཞི་ལ་འགྲོ་དགོས་ཚོད་འདུག། མི་མང་པོ་ཞིག་གིས་དེ་ནི་སྔ་ས་ནས་ཡོད་ཤག་ཤག་བྱེད་པ་མ་གཏོགས། ཁ་ནང་དུ་བལྟས་ཏེ་སོ་སོ་ལ་བརྟག་དཔྱད་བྱས་ནས་རང་ཉིད་བཟང་སྤྱོད་དང་ལྡན་པའི་མི་ཞིག་རེད་འདུག་གམ་མི་འདུག་དེ་ང་ཚོ་ལ་དྲི་བ་ཆེན་པོ་ཞིག་ལྷག་བསྡད་ཡོད་པ་རེད་བསམ། དེ་ལྟར་མ་བྱུང་ན་ཨ་ལེ་དང་པོ་རང་ཉིད་ནང་པ་ཡིན་པ་ཕར་ཞོག སྤྱི་ཚོགས་འདིའི་ནང་ནས་མི་བཟང་སྤྱོད་ཅན་ཞིག་རེད་འདུག་གམ་མི་འདུག་བསམ་བློ་གཏོང་དགོས་པ་རེད་འདུག དཔེར་ན། ཕོར་པ་ལྟ་བུ་ལ་ཆ་བཞག་ན། ཕོར་པ་དེའི་ནང་དུ་ཁ་ལག་ཅིག་བླུག་སྐབས། གལ་ཏེ་ཕོར་པ་དེ་ཆག་བསྡད་པ། གས་བསྡད་པ། ད་དུང་དེའི་ནང་དུ་བཙོག་པ་འདྲ་མིན་སྣ་ཚོགས་ཡོད་ན། ཁ་ལག་དེ་རང་བཞིན་གྱིས་འཕྲོག་བརླག་འགྲོ་གི་རེད་བ། དེ་འདྲ་ཡིན་དུས་ཕོར་པ་དེ་ཡག་པོ་ཡོད་མེད་རྟོག་ཞིབ་བྱེད་དགོས་པ་གལ་ཆེན་པོ་རེད། ངས་ནམ་རྒྱུན་དུ་མི་བཟང་པོ་དང་མི་གཤིས་བཟང་པོ་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། མི་བཟང་པོ་ཞིག་མེད་པ་ཡིན་ན། ཆོས་བཟང་པོ་དེ་མི་དེའི་ཐོག་ལ་གང་འདྲ་བྱས་ནས་བསྡད་ཐུབ་ཀྱི་རེད། དེ་ནི་དྲི་བ་ཆེན་པོ་ཞིག་རེད། མི་གཤིས་བཟང་པོ་དེ་གཙོ་བོ་ཕ་མ་དང་། གྲོགས་པོ་གྲོགས་མོ། དགེ་རྒན་བཟང་པོ་སོགས་སྤྱི་ཚོགས་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད། དེའི་སྐོར་ལ་ཆོས་ཀྱི་སྐད་ཆ་ཡོད་མ་རེད། ལྷ་ཆོས་ཟེར་ཡོང་དུས་ཆོས་ལུགས་གང་རུང་ཞིག་ལ་ཞུགས་ནས་རང་གི་བླ་མ་དགེ་རྒན་རྣམས་ཀྱིས་དམ་པའི་ཆོས་ཕྱོགས་ནས་ཉམས་ལེན་བཟང་པོའི་བསླབ་བྱ་དང་བྱིན་རླབས་སོགས་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད་འདུག མི་ཆོས་ཀྱི་དྲི་མ་ཡ་རབས་བཟང་སྤྱོད་དེ་ཉིད་བརླག་སོང་བའི་ཐོག་ནས། དེ་ལས་ཟུར་ཞིག་ནས་ཆོས་ཕྱོགས་ཀྱི་ཐོག་ནས་ཉམས་ལེན་མིང་མཐོན་པོ་གང་འདྲ་བྱེད་ཀྱི་ཡོད་ཟེར་བ་དེར་ཐེ་ཚོམ་ཡོང་གི་འདུག
བོད་ཁམས་ཕྱོགས་ང་ཚོ་སྡོད་སའི་ལུང་པ་འགའ་ཤས་ལ་མི་སྐྱ་ཕ་རྒན་དེ་འདྲ་ཁ་ཤས་མི་ཚང་མས་ཆོས་པ་རེད་ཟེར་ནས་གདེངས་འཇོག་ཆེན་པོ་བྱེད་ནས་ཁས་ལེན་བསྡད་པ་དེ་འདྲ་ཡོད་རེད། སྟོན་ཁའི་དུས་ཚོད་ལ་སླེབས་དུས་སྒོ་བཤས་ཀྱི་དུས་ཚོད་ཟེར་ནས་ཟླ་བ་གཅིག་ཙམ་རིང་ཡུལ་ཆུ་ཁྲག་མཚོར་བསྒྱུར་ནས་སེམས་ཅན་ར་དང་། ལུག། གཡག་སོགས་གསོད་ཀྱི་རེད། གསོད་སྟངས་དེ་ཉིད་ཀྱང་མཆུ་ཐག་པས་བསྡམས་ནས་དེང་སང་ལྟ་ཡོང་དུས་ཧ་ཅང་ཐབས་སྡུག་གི་གསོད་སྟངས་ཞིག་རེད་འདུག། མང་ཆེ་བས་སྡིག་གླ་སྤྲད་ཟེར་ནས་ནམ་རྒྱུན་སེམས་ཅན་གསད་འདུག་མཁན་གཤེན་པའམ་ང་ཚོའི་ལུང་པར་ཡུལ་སྐད་དུ་༼ཛམ་པ་༽ཟེར་གང་ལྟར་ཁོ་ལ་དངུལ་དང་གཞན་ཅ་དངོས་སོགས་ཉུང་ཙམ་རེ་སྤྲད་ནས་གསོད་འཇུག་གི་རེད། འགའ་ཤས་མི་ཚང་གི་ཕ་རྒན་དེས་གསོད་མཁན་ཡོད་རེད།
སྐབས་དེ་དུས་ཕ་རྒན་ནས་ཁ་འདོན་གྱི་དཔེ་ཆ་མདུན་ལ་བཞག་ནས་ཁ་འདོན་བྱེད་བཞིན་པའི་སྐབས་སུ་ཁ་འདོན་གྱི་བེའུམ་དེ་ཟུར་དུ་བཞག ལག་གི་ཕྲེང་བ་དེ་སྐེ་ལ་གྱོན། ཐག་པ་ཁྲ་བོ་དེ་ཚུར་བླངས་ནས་རང་གིས་ཡུན་རིང་བེད་སྤྱོད་བྱས་པའི་ནང་མི་ནང་བཞིན་ར། ལུག། གཡག་སོགས་སེམས་ཅན་རྣམས་ལ་ཡ་ང་དང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་མཆུ་ཐག་པས་བསྡམས་ནས་གསོད་ཀྱི་རེད།
ཕ་རྒན་གྱི་མི་ཚེར་ཁ་འདོན་དགེ་སྦྱོར་བྱེད་ཁུལ་བྱས་ཀྱང་འགག་ལ་ཐུག་དུས་ཡུན་རིང་བེད་སྤྱོད་བྱས་ནས་རང་གི་ནང་མི་ནང་བཞིན་ཁྱིམ་གཅིག་ཏུ་གནས་པའི་ཉམ་ཆུང་གི་སེམས་ཅན་དེ་སྲོག་ལས་སྐྱོབས་མ་ཐུབ་པ་དེ་གང་འདྲ་བྱས་ནས་བྱུང་བ་རེད། དེའི་སྐོར་ལ་བསམ་བློ་ནན་པོ་གཏོང་དགོས་འདུག།
དེ་ཚོའི་སྐོར་ལ་ཞིབ་ཕྲའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ཆོས་ཀྱི་ཕྱོགས་ནས་བཤད་ནའང་འདྲ། སྤྱིར་འཇིག་རྟེན་གྱི་ཕྱོགས་ནས་ཡིན་ནའང་འདྲ། སྲོག་གཅོད་ཟེར་བ་དེ་འཛམ་གླིང་སྤྱི་ཡོངས་དང་ནང་པ་མ་ཡིན་པའི་རྒྱལ་ཁབ་ཅིག་ཏུ་ཆ་བཞག་པ་ཡིན་ནའང་། སྲོག་གཅིག་བཅད་ན་མི་དེ་ནི་སྤྱི་ཚོགས་ནང་ཐབས་ཆགས་ཤིག་ཏུ་བརྩི་བ་མ་ཟད། མིའི་སྲོག་བཅད་པ་ཡིན་ན་ཁྲིམས་དང་འགལ་ནས་བཙོན་ཁང་ནང་དུ་འགྲོ་དགོས་པའི་མི་ནག་ཉེས་ཆེན་པོ་ཞིག་གི་གྲལ་དུ་བགྲང་གི་ཡོད། དེ་འདྲ་ཡིན་དུས་ཡ་རབས་བཟང་སྤྱོད་སྐོར་དེ་དཔེ་མ་སྲིད་པའི་གལ་ཆེན་པོ་རེད། དེ་ཚོའི་སྐོར་ལ་མང་པོ་ཞུ་བསྡད་པ་ཡིན་ན། མང་པོ་ཆགས་འགྲོ་ས་རེད། དེ་འདྲ་ཡིན་དུས་དེའི་སྐོར་ལ་ཚང་མས་ཐུགས་སྣང་གནང་དགོས་པ་དེ་གལ་ཆེན་པོ་རེད། རང་ཉིད་རང་ལ་ལྐོག་ཏུ་མི་འགྱུར་བ་ཡིན་ཙང་། དཔེར་ན། ངའི་ལུས་ཀྱི་ཀུན་སྤྱོད་དེ་དང་། ངག་གི་སྐད་ཆ་ག་རེ་བཤད་ཀྱི་འདུག་དེ་ཁྱེད་རྣམ་པས་མཐོང་བ་དང་གོ་བསྡད་པ་མ་གཏོགས། ང་ཡི་སེམས་ནང་ནས་ཉི་མ་རེ་རེ་དང་ལྷག་པར་དུ་སྐད་ཅིག་མ་ལ་དགེ་སྡིག་གི་རྣམ་རྟོག་ག་རེ་ཡོང་གི་ཡོད་པ་ཁྱེད་རྣམ་པས་ཤེས་ཀྱི་མ་རེད། དེ་ནི་སངས་རྒྱས་ཡིན་ན་མ་གཏོགས་ཧ་གོ་གི་མ་རེད། དེར་བརྟེན་རང་གི་བློའམ་སེམས་དེ་རང་ལ་ལྐོག་ཏུ་མ་འགྱུར་བ་ཡིན་ཙང་། ང་ཚོས་ནམ་ཞག་རྒྱུན་དུ་ལུས་ངག་ཡིད་གསུམ་དང་ལྷག་པར་དུ་སེམས་ལ་བརྟག་དཔྱད་བྱས་ཏེ། ད་ལྟ་ང་རང་སུ་རེད་ཤག ག་བ་ལ་བསྡད་འདུག དགེ་སྡིག་གི་བསམ་བློ་ག་རེ་གཏོང་གི་འདུག མ་འོངས་པ་ལ་འཆར་གཞི་ག་རེ་འདུག དེ་ཚོའི་སྐོར་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད།
སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོའི་ཅི་ཞིག་བྱ། ཅེས་སྤྱོད་འཇུག་ནང་ནས་དེ་འདྲ་གསུངས་ཡོད། སེམས་སྲུང་རྒྱུ་ལས་ལྷག་ཡོད་མ་རེད་གསུངས་དུས་དེ་ཚོའི་སྐོར་ལ་བསམ་བློ་བཏང་ནས་དེའི་ཐོག་ནས་ཆོས་ཕྱོགས་ལ་མ་སོང་གོང་ནས་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་ལ་སོ་སོས་ཞུ་དག་བཏང་སྟེ། དེས་ག་རེ་བྱེད་ཀྱི་འདུག དེ་ག་རེ་རེད་འདུག སྐད་ཆ་གང་འདྲ་བཤད་ཀྱི་འདུག དེ་རིང་ཉི་མ་གཅིག་གི་ནང་དུ་ག་རེ་ག་རེ་བྱས་འདུག དེ་ཚོའི་སྐོར་ལ་ང་ཚོས་ཡང་ནས་ཡང་དུ་ཞུ་དག་གཏོང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། མ་རབས་ཀྱི་རྩིང་སྤྱོད་དང་མང་པོ་ཞིག་མི་གཞི་བཟང་སྤྱོད་ཡག་པོ་མེད་པའི་དབང་གིས་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། ང་ཚོའི་དང་པོ་ཉིད་ནས་ནང་ཆོས་ཟེར་ནས་མཐོ་སྙབ་མི་བྱེད་པར་དབྱིན་ཇིའི་ཡོངས་གྲགས་ཀྱི་ཚིགས་གཅིག་ལ། ༼སྤྱོད་པ་དེ་ཉེ་འཁོར་ནས་འཛུགས། བསམ་བློ་དེ་འཛམ་གླིང་ལ་གཏོང་།༽འདི་འདྲ་བོ་ཞིག་ཡོད་རེད།
དེ་ཚོའི་སྐོར་ལ་བསྟན་བཅོས་དཔེ་མང་པོ་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། ༼ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན༽། འཇུ་མི་ཕམ་གྱིས་མཛད་པའི། ༼ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ༽། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི། ༼ཆུ་ཤིང་བསྟན་བཅོས།༽ ས་སྐྱ་པཎ་ཆེན་གྱིས་མཛད་པའི། ༼ས་སྐྱའི་ལེགས་བཤད།༽ བསྟན་བཅོས་འདྲ་མིན་སྣ་ཚོགས་ཡོད། དེ་ཚོ་ནི་ཆོས་དང་མ་འབྲེལ་བའི་ཐོག་ནས་ཡ་རབས་བཟང་སྤྱོད་ཀྱི་སྤྱོད་པ་གཙོ་བོ་ལ་བཞག་ཏེ་དེ་འདྲ་མང་པོ་ཞིག་གསུངས་པ་ཡིན་ཙང་། དེ་ཚོའི་སྐོར་ལ་ཡང་སེ་ཡང་སེ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་འདུག འཇུ་མི་ཕམ་གྱིས་མཛད་པ་ལྷ་དང་དཔལ་འདུ་བའི་ནོར་བུ་ཟེར་བ་ཞིག་ཡོད་པ་དེའི་ནང་དུ།
འཇིག་རྟེན་ཡ་རབས་སྤྱོད་པ་ཞིག །མེད་པ་དེ་ལ་ཆོས་ཀྱི་ཚུལ། །ཡོད་པ་ནམ་ཡང་མི་སྲིད་དེ། །རྩ་བ་མེད་པའི་སྡོང་པོ་དང༌། །ནོར་མེད་པ་ལ་ནོར་བུ་བཞིན། །སྐྱེ་བོ་འདི་ཡི་གོ་རིམ་ནི། །གཞན་གྱི་བྱས་པ་ཅང་མེད་ཀྱང༌། །འཇིག་རྟེན་ཡ་རབས་སྤྱོད་པ་ནི། །ཆུང་འབྲིང་ཆེན་པོས་རིམ་བཞིན་བྱས། །འདི་ན་ཐམས་ཅད་བདེ་ལ་དགའ། །ཀུན་ཀྱང་རང་དོན་ཁོ་ནར་གཉེར།
ཞེས་སོགས་རིམ་གྱི་མང་པོ་ཡོད། གང་ལྟར་ཡང་། དང་པོ་ཆོས་པ་ཚད་ལྡན་ཞིག་ཆགས་དགོས་པ་ཡིན་ན། ང་རང་ཚོའི་མི་གཤིས་དེ་ག་བ་ལ་འགྲོ་གི་འདུག མི་གཤིས་ཡ་རབས་བཟང་པོ་དེ་ཉིད་ཀྱང་དང་པོ་སོ་སོའི་ཁྱིམ་ཚང་ནང་གི་ཕ་རྒན་ཞིག་ཡིན་ན་ཕ་ཚད་ལྡན་ཞིག་གོ་ཆོད་འདུག་དང་མི་འདུག མ་རྒན་ཞིག་ཡིན་ན་མ་རྒན་དེས་ཨ་མ་ཚད་ལྡན་གོ་ཆོད་འདུག་དང་མི་འདུག ཕྲུ་གུ་ཚང་མ་ལ་གསོ་སྐྱོང་བྱས་འདུག་དང་མི་འདུག ལྟ་སྐྱོང་བྱས་འདུག་དང་མི་འདུག ང་ཚོའི་ཁ་དཔེ་ལ། ཕ་ཚད་ལྡན་ཡིན་མིན་བུ་ལ་འདྲི། །མ་ཚད་ལྡན་ཡིན་མིན་བུ་མོར་འདྲི། ཞེས་ལབ་པ་ནང་བཞིན། ཕྲུ་གུ་དེ་ཕ་མའི་རྒྱུ་དང་འབྲས་བུ་ནང་བཞིན་རེད། དེ་འདྲ་ཡིན་དུས་མི་ཆོས་ཟེར་བ་དེ་ཁྱིམ་ཚང་ནང་ནས་མགོ་བཙུགས་དགོས་འདུག ཁྱིམ་ཚང་ནང་ནས་མི་ཡག་པོ་ཕ་ཚད་ལྡན་དང་མ་ཚད་ལྡན། ཡ་རབས་བཟང་སྤྱོད་ཆ་ཚང་ཡོད་བསྡད་པ་ཡིན་ན། དེའི་ཉེ་འགྲམ་གྱི་ཁྱིམ་མཚེས། ཡུལ་མི། དེ་ནས་ཕར་སོང་ན་སོ་སོ་སྡོད་སའི་གྲོང་ཁྱེར། དེ་ནས་རྒྱལ་ཁབ། དེ་ནས་རིམ་པ་བཞིན་དུ་འཛམ་གླིང་ལ་ཤུགས་རྐྱེན་སླེབ་ཀྱི་རེད། ཁ་ཤས་ཤིག་གིས་སོ་སོའི་ནང་ལ་འཐུས་ཤོར་ཕྱིན་ནས་ནང་མི་དང་སྤུན་མཆེད་གཟའ་ཟླ་སོགས་ལ་སོ་སོ་ཕ་རྒན་ཡིན་པའི་འགན་མ་བླངས་པ་དང་། སོ་སོ་སྤུན་མཆེད་ཡིན་པའི་འགན་མ་བླངས་པ་སོགས་ནང་མི་ལ་བྱམས་སྐྱོང་དང་བྱེད་རྒྱུའི་ཚབ་ལ་རྡུང་བརྡེག་དང་། ཤོམ་ར་དེ་འདྲ་བྱེད་མཁན་ཡོད་པ་རེད། དཔེར་ན། ང་ཚོའི་བོད་ལ་གཏམ་དཔེ་ཡོད་རེད། ནང་ལ་ཐུག་དུས་སྟག་འདྲ། ཕྱི་ལ་ཐུག་དུས་ཝ་འདྲ། ཟེར་སྲོལ་ཡོད་རེད། དེ་ནི་ལས་རྒྱུ་འབྲས་ལ་ཁྱད་གསོད་འདྲ་བྱས་ཏེ། སོ་སོའི་བློ་ཉེ་ས་དང་བློ་འཁེལ་ས། དྲིན་གྱིས་སྐྱོང་མཁན། བརྩེ་བས་བཀུར་མཁན་ཚོ་ལ་ཁྱད་གསོད་བྱས་ན་འགྲིག་གི་ཡོད་མ་རེད།
མི་གཞི་ཚད་ལྡན་ཞིག་ཆགས་ཚར་ན་དེའི་ཐོག་ལ་ག་ལེ་དམ་པའི་ཆོས་བྱས་ན་ཡག་ཐོག་ཡག་རྩེགས་ཟེར་བ་ནང་བཞིན་ཡོང་གི་ཡོད་པ་རེད།
འཕགས་པ་ལྷས།
འཇིག་རྟེན་ཚུལ་ལུགས་དང་དག་དང་། །དེ་དག་དེ་ལ་ཆོས་རྗེས་འཇུག།
དེ་ལྟ་བས་ན་ཆོས་པས་ཀྱང་། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་།
ཞེས་དང་།གོང་གི་ལུང་འདྲེན་དེས་དོན་ནི་འདི་ལྟར་རེད། ཆོས་དང་འཇིག་རྟེན་གཉིས་གཅིག་ཕན་གཅིག་གྲོགས་དང་མ་ཟད་འཇིག་རྟེན་ནམ་ད་ལྟའི་ང་ཚོ་གནས་བཞིན་པ་འདིར་ལས་འབྲས་དང་མ་འགལ་བར་ཡ་རབས་བཟང་སྤྱོད་ཅན་ཞིག་དགོས་པ་དང་། ལྷག་པར་ཆོས་པ་ཡིན་ཟེར་ནས་འཇིག་རྟེན་འདི་ལས་ལོགས་སུ་རང་ཉིད་གཅིག་པུར་མིག་བཙུམ་རྣ་བ་བཀབ་ནས་བསྡད་མི་ཐུབ་ཅིང་། བསྡད་དགོས་དོན་ཡང་མེད། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ཆོས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དཔེར་ན་ལྷ་ཆོས་དགེ་བ་བཅུ་དང་། འཇིག་རྟེན་པའི་ཕྱོགས་ནས་བཤད་ན་མི་ཆོས་གཙང་མ་བཅུ་དྲུག་སོགས་འདི་ཉིད་རྒྱ་ལས་མ་འདའ་བར་བྱེད་དགོས་ཟེར་བའི་དོན་རེད།
སྤྱིར་གཏང་ཆོས་ཀྱི་སྐད་ཆ་མ་བཤད་པའི་གོང་ནས་མི་གཞི་བཟང་པོ་དང་བརྟན་པོ། ཆོས་དང་འཇིག་རྟེན་བྱ་བ་གང་བྱས་ཀྱང་སྒྲུབ་ཐུབ་མཁན་བློ་ཁོག་ཅན་ཞིག་དགོས་ཡོད་ས་རེད། ངས་དཔེ་མཚོན་ཞིག་མར་པ་ལོ་ཙཱ་དང་མི་ལ་རས་པ་གཉིས་ཀྱི་སྒྲུང་དང་སྦྱར་ནས་ཞུ་གི་ཡིན། མར་པ་ལོ་ཙཱ་ཕྲུ་གུ་ཆུང་ཆུང་སྐབས་སུ་ནམ་རྒྱུན་འཁྲུགས་འཛིང་ལ་ཧ་ཅང་དགའ་བོ། བློ་ཁོག་ཆེན་པོ་ཅན་ཞིག་ཡིན་པ་རེད། ནམ་ཞིག་མར་པའི་ཨ་ཕས་བུ་ལ་བཟང་སྤྱོད་བསླབ་བྱ་ཇི་ལྟར་བྱས་ཀྱང་མ་ཉན་པར་ཨ་ཕ་འུས་ཐུག་བྱ་ཐབས་ཟད་ནས་བསལ་བློ་འདི་ལྟར་འཁོར་བ་རེད།
༼ང་ཡི་བུ་འདིས་ཡུལ་མི་ཀུན་ལ་འཁྲུགས་འཛིང་བྱས་ནས་ཉིན་གཅིག་ངེད་ཕ་མ་གཉིས་ཀྱི་མདུན་དུ་ཁོ་རང་མི་གཞན་དག་ཞིག་བསད་ཡོང་ས་རེད། དེེ་ངས་མཐོང་འདོད་མི་འདུག དེ་ལས་ངས་ཁོ་རང་རྒྱ་གར་སོགས་ས་གནས་གཞན་ཞིག་ཏུ་གཏང་བ་ཡིན་ན་ནམ་ཞིག་བུ་འདིའི་བསམ་བློ་ལ་འགྱུར་བ་ཞིག་ཐེབས་སྲིད།༽
བསམ་ནས་ཕས་མར་པ་རྒྱ་གར་ལ་གཏང་བ་རེད། སྐྱེ་བ་སྔོན་མའི་ལས་དབང་གིས་རྒྱ་གར་གྱི་པཎ་ཆེན་ནཱ་རོ་པ་དང་འཕྲད་ནས་བློ་ཁ་དམ་པའི་ཆོས་སུ་ཕྱོགས་ནས་ད་གིན་ཆུང་ཆུང་སྐབས་སུ་ཡོད་པའི་བློ་ཁོག་དང་སྙིང་རུས་དེ་དམ་པའི་ཆོས་སུ་གཏང་ཡོང་དུས་རིང་པོར་མ་ཐོག་པར་ལོ་ཙཱ་བ་ཆེན་པོ་ཆགས་པ་མ་ཟད་རྩོད་མེད་ཀྱི་མཁས་གྲུབ་ཆེན་པོ་ཞིག་ཏུ་གྱུར་པ་རེད།
དེ་བཞིན་དུ་ཁོང་གི་སློབ་མ་རྗེ་བཙུན་མི་ལ་རས་པའང་གཅིག་པ་རེད། ཁོང་ཆུང་ཆུང་སྐབས་སུ་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་སྡུག་པོ་གཏང་ནས་དེ་མ་བཟོད་ཅིང་ཨ་མའི་བསླབ་བྱ་ལ་ཉན་ནས་མཐུ་དང་སེར་བ་ཕབས་ཅིང་མི་གྲངས་སུམ་བཅུ་ཙམ་ཉིན་གཅིག་ལ་བསད་པའི་སྡིག་རྒན་དུ་གྱུར་པ་རེད། གོང་དུ་བཤད་པ་དེ་བཞིན་དུ་མི་ལ་རས་པ་ལ་ཆུང་ཆུང་སྐབས་སུ་ལྷན་སྐྱེས་སུ་ཡོད་པའི་བློ་ཁོག་དང་། སྙིང་རུས། བཟོད་སྲན་སོགས་ཚེ་སྨད་དམ་པའི་ཆོས་སྒྲུབ་པའི་སྐབས་སུ་བེད་སྤྱོད་གཏང་ཡོང་དུས་ཚེ་འདིའི་མི་གྲངས་སུམ་བཅུ་ཙམ་བསད་པའི་སྡིག་པ་དག་པ་མ་ཟད་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་བསག་པའི་སྡིག་སྒྲིབ་ཡོངས་རྫོགས་རིང་པོར་མ་ཐོག་པར་སྐུ་ལུས་འདིར་སངས་རྒྱས་ནས་ད་ལྟ་བོད་གངས་ཅན་ལྗོངས་ཙམ་མ་ཡིན་པའི་འཛམ་གླིང་ཆོས་ལུགས་ཕལ་མོ་ཆེའི་མི་ལ་རས་པའི་མཚན་ཐོས་མ་མྱོང་བ་མེད་པ་ལྟ་བུར་གྱུར་པ་རེད།
ནམ་རྒྱུན་འཇིག་རྟེན་གྱི་སྐབས་སུ་དཀའ་ལས་ཅུང་ཟད་ཙམ་ལའང་བཟོད་མི་ཐུབ་མཁན་རྐྱེན་ཆུང་ཙག་དང་འཕྲད་ན་ལས་ཀ་རྣམས་ལམ་སང་གཡུག་ཆོག་ཆོག་དེའི་རིགས་ཀྱིས་ཆོས་སྒྲུབ་ནའང་མཐར་ཕྱིན་པར་འགྲུབ་ཁག་པོ་རེད།
གང་ལྟར་ཀྱང་འཇིག་རྟེན་འཚོ་བའི་ཁྲོད་ནས་ནམ་རྒྱུན་མི་གཤིས་ཡག་པོ་ཅན་ཞིག་ཡིན་ན་དེ་ཡིས་ཆོས་སྒྲུབ་ནའང་འགྲུབ་ཀྱི་རེད། འཇིག་རྟེན་སྒྲུབ་ནའང་འགྲུབ་ཀྱི་རེད། གཙོ་བོ་དེ་མི་གཤིས་ཡག་པོ་དང་བརྟན་པོ་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་རེད། ། མི་རང་ཚུགས་བརྟན་པོ་དགོས་རེད། རང་ཚུགས་བརྟན་པོ་ཟེར་དུས་རང་ལྟ་མཆོག་འཛིན་རང་ལས་མ་གཏོགས་གཞན་སུ་ཡང་ཁས་མི་ལེན་མཁན་གླེན་པ་ལུག་ནང་བཞིན་ཞིག་ལ་ཟེར་བ་མ་རེད། དགེ་མི་དགེའི་རྣམ་དཔྱོད་ཀྱིས་དབྱེ་བ་འབྱེད་ཤེས་མཁན་ཤེས་རབ་ཅན་ཞིག་ལ་ཟེར་བ་རེད། བཞི་བརྒྱ་པ་ལས།།གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། ཅེས་གསུངས་པ་ལྟར་དང་པོ་ཉིད་ནས་བློ་གཟུར་གནས་དགོས་གསུངས་པ་རེད། གཟུར་གནས་ཟེར་དུས་ལེགས་ཉེས་ཡོངས་རྫོགས་ཧ་གོ་ནས་བློ་ཕྱོགས་ལྷུང་མེད་པར་དྲང་པོའི་ཕྱོགས་ལ་གནས་པ་རེད། བློ་ལྡན་ཟེར་དུས་ཤེས་རབ་ལ་གོ་དགོས་པ་རེད། ཤེས་རབ་མེད་ན་བློ་དེ་གཟུ་བོར་གནས་ཁག་པོ་རེད། གང་གཟུ་བོར་གནས་རྒྱུའི་བློ་དེ་ལ་ཤེས་རབ་ཀྱིས་གྲོགས་བྱེད་ནས་ཡོང་དུས་དེའི་བློ་དེ་ཕྱོགས་ལྷུང་མེད་པར་གཟུ་བོར་གནས་ཐུབ་ཀྱི་རེད། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་འདི་ལྟ་བུའི་གཞུང་ཚིགས་རེ་རེ་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད་མ་ཟད་རྒྱུ་མཚན་དང་ལྡན་ལ་དངོས་ཡོད་གནས་ཚུལ་མ་འགལ་བ་ཡོད་པ་རེད། གང་ལྟར་ཀྱང་ནམ་རྒྱུན་མི་ལ་མི་གཞི་བརྟན་པོ་ཡོད་པ་དགོས་རྒྱུ་གལ་ཆེན་པོ་རེད་འདུག
དཔེར་ན། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ལོ་རྒྱུས་དང་རྣམ་ཐར་ལ་ལྟོས་དང་། དཔེ་མི་སྲིད་པའི་མི་ཧ་ཅང་བརྟན་པོ་རྐྱང་རྐྱང་རེད་འདུག མི་བློ་བརྟན་པོ་དེ་འདྲ་ཞིག་མེད་པ་ཡིན་ན་ལྟོ་གོས་གཏམ་གསུམ་བློས་བཏང་ནས་བྲག་ཕུག་དང་ལུང་སྟོང་དེ་ཚོའི་ནང་ལ་ཉིན་གཅིག་ལའང་བསྡད་ཐུབ་ཀྱི་མ་རེད་བ། ང་ཚོ་མིའི་རྒྱུད་ལ་གནད་འགག་ཆེ་བ་དེ་ག་རེ་རེད་འདུག་ཟེར་ན་མི་གཤིས་ཀ་དེ་རེད་འདུག། མི་གཤིས་ཡ་རབས་ཡོད་པ། ཡ་རབས་ཡོང་སྟངས་ལ་འགའ་ཤས་ཞིག་ཡོད་ས་རེད།འགའ་ཤས་ཕ་མ་བཟང་པོ་དང་རིགས་རྒྱུད་བཟང་པོ་ལ་བུ་ཕྲུག་བཟང་པོ་དང་། འགའ་ཤས་ཡང་སྐྱེ་བ་སྔོན་མའི་བག་ཆགས་བཟང་པོའི་དབང་གིས་ཡོང་བ་སོགས་མང་པོ་ཡོད་ས་རེད། ཕྲུ་གུ་འགའ་ཤས་ལ་ཆུང་ཆུང་སྐབས་སུ་ནས་རང་བཞིན་གྱིས་ཡ་རབས་བཟང་སྤྱོད་ཡོད་བསྡད་པ་དེ་འདྲ་ལ་རྗེས་ནས་གྲྭ་པ་བྱས་ནས་ཆོས་ལམ་དུ་ཞུགས་པའི་སྐབས་སུ་ཧ་ཅང་ཆོས་པ་ཡག་པོ་ཆགས་ཡོང་གི་འདུག། གང་ལྟར་ཀྱང་བྱིས་པ་ཆུང་ཆུང་སྐབས་སུ་ནས་ཕ་མས་ལྟ་སྐྱོང་ཡག་པོ་བྱེད་ནས་ཕྲུ་གུ་ངན་ལང་དུ་མ་གཏང་བར་ཞི་འཇམ་གང་དྲག་གི་ཐོག་ནས་ལམ་ལ་ཁྲིད་དགོས་འདུག། དཔེར་ན་མགར་བ་མཁས་པས་ལྕགས་ནག་བསྲེག་རྡུང་བཅད་བཏུབ་སོགས་བྱེད་ནས་གྲི་དང་མཚོན་ཆ་ཡོ་བྱད་སོགས་བཟོ་བ་ནང་བཞིན་ཕ་མ་ཚོས་ཀྱང་ཕྲུ་གུ་རྣམས་ལ་ཆུང་ཆུང་སྐབས་སུ་ནས་བསླབ་བྱ་དང་། ཡོན་ཏན་སོགས་བསླབ་དགོས་པ་རེད། ལྷག་པར་དུ་རང་རེའི་བོད་ཀྱི་རིགས་གཞུང་གོམས་བཤིས་ཡ་རབས་བཟང་སྤྱོད་རྣམས་བསླབ་དགོས་པ་རེད།
ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཆུང་དུས་ནས་བསླབ་ན་སློབ་མཁན་ཕ་མ་ཡིན་པ་དང་། ཕྲུ་གུ་ལོ་ཆུང་ཡིན་པ་བཅས་ཀྱིས་ངེས་པར་ཕན་ཐོག་ཆེན་པོ་ཡོད་རེད། ཕྲུ་གུ་རིམ་གྱིས་ཆེ་རུ་ཕྱིན་པའི་སྐབས་སུ་རང་བཞིན་གྱིས་སྲོག་མི་བཅོད་པ་དང་། མ་བྱིན་པ་མི་ལེན་པ། རྫུན་མི་བཤད་པ་ལ་སོགས་མི་ཡག་པོ་ཆགས་ཚར་བ་རེད། དེ་འདྲ་ཡིན་དུས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་ལྡན་པའི་མི་ཞིག་ཡོད་ན་དེང་སང་གི་དུས་འདིར་སྤྱི་ཚོགས་གང་དུ་སོང་ཡང་ཀུན་གྱིས་གོང་དུ་བཀུར་སའི་མི་ཡ་རབས་ཞིག་ཏུ་གྱུར་པ་རེད། མི་དགེ་བ་བཅུ་ལས་ལུས་ཀྱི་མི་དགེ་བ་གསུམ་ནི་ནང་པ་མ་ཡིན་ཀྱང་དེང་སང་འཛམ་བུ་གླིང་གང་དུ་སོང་ཡང་ཁྲིམས་འགལ་བྱེད་ཀྱི་མ་རེད། གལ་སྲིད་ལུས་ཀྱི་མི་དགེ་བ་གསུམ་བྱེད་མཁན་ཡིན་ནས་བཟུང་སྟེ་རྒྱལ་ཁབ་དེ་ཉིད་ཀྱི་ཁྲིམས་འགལ་ཆེ་ཤོས་རེད། སྲོག་གཅོད་པ། མ་བྱིན་པ་ལེན་པ། མ་བྱིན་ལེན་པ་ནི་རྐུ་མ་རྒྱག་པ་ལ་ཟེར། མི་གཙང་བར་སྤྱོད་པ། ལོག་གཡེམ། ལོག་གཡེམ་ནི་རང་ལ་ཆུང་མ་ཡོད་བཞིན་དུ་གཞན་གྱི་ཆུང་མར་སྤྱོད་པ་དང་། རང་ལ་ཆོ་ག་ཡོད་བཞིན་དུ་གཞན་གྱི་ཆོ་གར་སྤྱོད་པ་ལ་ཟེར། དེ་འདྲ་བྱས་ན་གཉིས་ཀ་དཔེ་མི་སྲིད་པའི་མ་རབས་ཤིག་རེད། མི་ཚང་ཞིག་གི་ཕ་རྒན་ལ་སྐྱེས་དམན་ཡོད་བཞིན་དུ་གཞན་གྱི་ཆུང་མ་ལ་འདྲ་མིན་བྱས་པ་ཡིན་ན་དངོས་གནས་དྲང་གནས་ཞབས་འདྲེན་དང་མི་དེ་ཐ་ཤལ་ཞིག་ཏུ་བརྩི་ཡི་ཡོད་པ་ང་ཚོས་ཤེས་བཞིན་པ་རེད། དེར་བརྟེན་དེ་འདྲ་བོ་ཆགས་རྒྱུའི་ཉེན་ཁ་འདུག ང་ཚོའི་མི་གཤིས་ཀྱི་བཟང་སྤྱོད་དེ་ཧ་ཅང་གལ་ཆེན་པོ་རེད་འདུག རང་བཞིན་གྱི་མིའི་རྒྱུད་ཀྱི་བཟང་སྤྱོད་ཀྱི་དམ་ཚིག་སྲུང་ས་དེ་གཞན་ཕྱི་ལོགས་ཞིག་ནས་མ་ཡིན་པར་ནང་སོ་སོའི་ཁྱིམ་ནས་རང་ཉིད་ཡིན་ན་ཕ་བཟང་པོ་དང་། མ་ཡིན་ན་མ་བཟང་པོར་བྱས་ཏེ། ཕྲུ་གུ་རྣམས་ལྟ་སྐྱོང་དང་། ཁོང་ཚོའི་མདུན་ལམ་ཕྲོག་རླག་མ་གཏང་བར་ནང་མིའི་བར་ནས་ཁྲེལ་དང་ངོ་ཚ་དང་སྐྱིད་སྡུག་དང་རེ་ལྟོས་བློས་ཐུབ་པ་བྱེད་དགོས་འདུག གོམ་པ་དང་པོ་འཛུགས་ས་དེ་རང་གི་ནང་མི་དང་ཕྲུ་གུ་དེ་དག་གཞི་ལ་བཞག་པའི་ཐོག་ནས་འགྲོ་དགོས་འདུག རང་གི་ནང་མི་དང་ཁྱིམ་ཚང་ལ་ལྟ་སྐྱོང་ཡག་པོ་བྱེད་མི་ཐུབ་མཁན་ཞིག་ནས་ཕྱི་ལོགས་ནས་འུར་ཆེན་པོ་འདྲ་རྒྱག་ནས་ཚོགས་དཔོན་དང་མགོ་འཛིན་བྱེད་ཀྱི་ཡིན་ཟེར་ན་དགད་མོ་ཤོར་བྱས་རེད།
དེ་ལྟར་བྱས་ཏེ་མི་ཆོས་དེ་ཡག་པོ་ཡོད་ན་རང་བཞིན་གྱི་ལྷ་ཆོས་དེ་ཡག་པོ་ཡོང་གི་ཡོད་རེད།དཔེར་ན། ལྷ་བཟོ་རི་མོ་མཁས་པ་ཞིག་ནས་རི་མོ་འབྲི་དགོས་ན་དང་པོ་རི་མོ་འབྲི་ས་རས་དང་གྱང་སོགས་ལ་ཧ་ཅང་སྤུས་ལེགས་ཁོད་སྙོམ་པོ་ཞིག་བཟོ་དགོས་པ་རེད། དེ་ཉིད་མི་ཆོས་ལྟ་བུ་དེ་རེད། རྗེས་ནས་ལྷ་བཟོའི་རི་མོ་ཐང་ཀ་སོགས་གང་བྲིས་ཀྱང་ཧ་ཅང་ཡག་པོ་ཡོང་གི་ཡོད་རེད། དེ་ནི་ལྷ་ཆོས་ལྟ་བུ་དེ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྐྱེ་བོ་གསོ་ཐིགས་ཞེས་པའི་ནང་དུ།
མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པར་ཐག་མི་རིང་། །འཛེགས་ན་ཐར་པའང་གམ་ན་འདུག ཞེས་གསུངས་པ་ནང་བཞིན། ད་ལྟ་ངས་གོང་དུ་ཞུས་པ་བཞིན་མི་ཡི་ཆོས་ལུགས་དེ་ལ་ལེགས་པར་སློབ་སྦྱོང་བྱེད། རང་གི་རྒྱུད་ལ་སྦྱར། དེ་ལ་ཉམས་ལེན་ཟེར་ནའང་འདྲ་གང་ལྟར་འཐུས་ཤོར་མེད་པ་བྱེད་བསྡད་པ་ཡིན་ན་ཁྱོད་རང་ལ་ལྷ་ཆོས་དེ་རང་བཞིན་གྱིས་སླེབ་ཡོང་གི་རེད། ལྷ་ཆོས་ཟེར་ན་ང་རང་ཚོས་ད་ལྟ་བྱེད་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་ཚོ་རེད། དེ་བཞིན་ས་སྐྱ་ལེགས་བཤད་ཀྱི་ནང་དུ།
རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ལས་ལེགས་བསྒྲུབ་པ། ཞེས་གསུངས་འདུག ཡག་པོ་བྱས་ཏེ་བསམ་བློ་བཏང་བ་ཡིན་ན། ལྷ་ཆོས་ཟེར་བ་དེ་དང་མི་ཆོས་ཟེར་བ་དེ་གཉིས་ལ་འགལ་བ་ཡོད་མ་རེད། དེ་གཉིས་གཅིག་ཕན་གཅིག་གྲོགས་ལ་འགྲོ་གི་ཡོད། དེ་བཞིན་འཕགས་པ་ལྷ་ཡིས་ཀྱང་བཞི་བརྒྱ་པའི་ནང་དུ།
འཇིག་རྟེན་ཚུལ་ལུགས་དང་དག་དང་། །དེ་དག་དེ་ལ་ཆོས་རྗེས་འཇུག །དེ་ལྟ་བས་ན་ཆོས་པས་ཀྱང་། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་། ཞེས་གསུངས་ཡོད། དེ་ནི་ལྷ་ཆོས་དང་མི་ཆོས་གཉིས་ཀ་དགོས་ཀྱི་ཡོད་ཟེར་བའི་ཚིག་རེད། མིའི་ཆོས་ལུགས་ཡག་པོ་མེད་པའི་ཐོག་ལ་ལྷ་ཡི་ཆོས་ལུགས་དེ་ཡོང་ཐུབ་ཀྱི་མ་རེད། ནང་པའི་ཆོས་དེ་དེའི་སྟེང་དུ་བསྡད་ཐུབ་ཀྱི་མ་རེད། གོང་དུ་ཞུས་པ་བཞིན་ཉི་མ་གཅིག་རྐྱེན་དང་ཕྲད་ན་ཆོས་པས་འཚང་རྟགས་སྟོན་ཞེས་ཟེར་བ་ནང་བཞིན་རེད། ཉོན་མོངས་དེ་གནས་སྐབས་ཙམ་ལ་རང་གིས་ཐབས་ཀྱིས་བཀབ་པ་དང་། ཡང་ན་བསྟུམ་པ་ལྟ་བུ་བསྡད་ཡོད་པ་ལས་རྩད་ནས་སྤང་ཐུབ་མེད། དཔེར་ན། མདག་མེའམ་མེ་མ་མུར་གྱི་ཐོག་ཏུ་རྩྭ་བཀབ་པ་ལྟ་བུ་དང་། མི་གཙང་བ་ལ་སས་བཀབ་པ་ལྟ་བུ་རེད། ནམ་ཞིག་རྐྱེན་དང་འཕྲད་ན་རང་གཤིས་ཐོག་ཏུ་སླེབས་ཡོང་ལྟ་བུ་རེད་འདུག། བྱས་ཙང་ནང་གི་མི་གཤིས་བསྒྱུར་མ་ཐུབ་པར། ཕྱི་ནས་གོས་ཀྱི་བསྒྱུར་ན་ཁྱི་ལུད་དར་ཐུམ་ཞེས་པའི་དཔེ་ལྟར་ཡོང་གི་རེད། སྔོན་མ་རྡོ་རྗེ་གདན་ནས་༧གོང་ས་མཆོག་གི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུངས་ཆོས་ཞིག་གི་སྐབས་འདི་ལྟར་གསུངས་སོང།
༼དེང་སང་བླ་མ་དགེ་བཤེས་ཉི་མ་རེ་རེ་ཇེ་མང་ལ་འགྲོ་གི་འདུག། དེ་ཧ་ཅང་ཡག་པོ་རེད། གདན་ས་ཁག་ནས་དགེ་བཤེས་མང་པོ་ཐོན་ཡོང་གི་ཡོད་རེད། ལོ་མང་པོར་དཀའ་ལས་རྒྱབ་ནས་གྲུབ་འབྲས་ཐོན་པ་རེད་རྗེས་སུ་ཡི་རངས་ཡོད། གཙོ་བོ་དེ་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་ཐོས་དོན་སྒྲུབ་ལ་བརྩོན་མཁན་ཞིག་དགོས་རེད། གང་ཐོས་བསམ་བྱེད་རྒྱུ་དེ་ཉིད་ཀྱིས་རང་རྒྱུད་འདུལ་དགོས་པ་རེད། ཁ་རྒྱུན་ལ་ཁོང་དགེ་བཤེས་མཁས་པ་རེད་ཏེ། སྐུ་རླུང་ཚ་བོ་དང་། ང་རྒྱལ་ཆེན་པོ་ཡོད་རེད་ཟེར་དགོས་བྱུང་ན་ངོ་ཚ་དགོས་པ་རེད། གང་ལྟར་ཀྱང་སེམས་བསྒྱུར་བཅོས་གཏང་དགོས་པ་རེད། ༽
ཅེས་གསུངས་སོང་། སེམས་དེ་བསྒྱུར་བཅོས་བཏང་ཐུབ་པ་ཡིན་ན། མི་དེ་རང་བཞིན་གྱིས་ལུས་ཀྱི་སྤྱོད་ལམ་བཟང་པོ། ཞི་དུལ་བག་ཡོད། ངག་ནས་བདེན་པར་བཤད་མཁན་ཞིག་ཏུ་ཆགས་འགྲོ་གི་རེད། མདོར་བསྡུས་ན་དེ་རིང་ངས་འདི་ལ་སྒྲ་སྒམ་ཆོས་ཐུན་དང་པོ་དེ་མི་གཞི་ཇི་ལྟར་གལ་ཆེན་པོ་ཡིན་ཚུལ་མདོར་བསྡུས་ཙམ་བཤད་ཡོད། ང་ཚོའི་དང་པོ་ཉིད་ནས་ནང་ཆོས་ཀྱི་སྦུག་ལ་འཛུལ་ནས་སྒོམ་སྒྲུབ་དང་ཆོས་གལ་ཆེན་པོ་རེད་བཤད་བསྡད་པ་མ་ཡིན་པར། དང་པོ་ནས་རང་ཉིད་ནང་ཆོས་ཀྱི་རྨང་གཞི་དང་ལྡན་པའི་གང་ཟག་ཞིག་ཇི་ལྟར་གལ་ཆེན་པོ་བཟོ་དགོས་ཚུལ་བསམ་བློ་གཏོང་དགོས་པ་རེད། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོའི་ནང་དུ། ༼ཆོས་ཐེག་པ་ཆེན་པོ་ཡིན་པས་མི་ཆོག་གི་གང་ཟང་ཐེག་པ་ཆེན་པོ་ཆགས་དགོས།༽གསུངས་འདི་ལ་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད་པ་རེད། དཔེར་ན་མི་གཞི་ཡག་པོ་མེད་མཁན་ཞིག་གིས་ཆོས་བྱས་ན་ཆོས་དེ་བེད་སྤྱོད་ལོག་པ་ལ་གཏོང་ནས་མཐུ་དང་ངན་སྔགས་སོགས་བསླབ་ནས་གཞན་ལ་གནོད་འཚེ་ཅན་ཞིག་ཏུ་འགྱུར་སྲིད་པ་རེད། དེ་ཆོས་ཀྱིས་ལན་པ་མ་རེད་གང་ཟག་གིས་བྱས་པ་རེད། དཔེར་ན། ཕྲུ་གུ་བསམ་མེད་ཞིག་ལ་རལ་གྲི་སོ་རྣོན་པོ་ཞིག་ལག་ཏུ་སྤྲད་ན་ཧ་ཅང་ཉེན་འགལ་ཆེན་པོ་རེད། རལ་གྲི་བེད་སྤྱོད་བྱེད་མ་ཤེས་ན་རང་སྲོག་རང་གིས་གཅོད་པའི་ཉེན་ཁ་ཡོད་པ་རེད།
གང་ལྟར་ད་ལྟ་ང་ཚོ་མིའི་སྤྱི་ཚོགས་ཤིག་གི་ནང་དུ་བསྡད་ཡོད་པ་རེད། ང་ཚོ་གནས་སའི་མི་ཡི་སྤྱི་ཚོགས་ལས་ཕར་བརྒལ་ནས་འཛམ་གླིང་སྤྱི་ཚོགས་གཞན་དག་ཅིག་ཏུ་འགྲོ་ས་མི་རྙེད། མི་ཡི་སྤྱི་ཚོགས་ལ་བསྟེན་ནས་བསྡད་པའི་རིང་ལ་མི་དེ་རྣམས་ལ་འཆམས་མཐུན་དང་ཕན་ཐུན་གཅིག་ཕན་གཅིག་གྲོགས་ཀྱིས་གནས་ཐུབ་ན་རང་གཞན་གཉིས་ཀའི་ཁེ་སང་རེད། མིའི་སྤྱི་ཚོགས་དེ་རྡོག་རོལ་བཏང་ནས་དེ་ལ་མ་དགའ་བ་བྱེད། དེ་ལ་དམའ་འབེབས་བྱེད། ལས་འབྲས་ལ་ཁྱད་གསོད་བྱེད་བསྡད་པ་ཡིན་ན་དེ་ནི་ནོར་གྱི་ཡོད། ང་ཚོའི་ཐེག་ཆེན་གྱི་ཆོས་ཀྱི་ནང་ནས་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕ་རོལ་དུ་ཕྱིན་པ་དྲུག་ལས། དང་པོ་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ་གསུམ་དེ་བརྒྱ་ཆ་བརྒྱ་ཐམ་པ་སེམས་ཅན་དང་མིའི་སྤྱི་ཚོགས་ལ་བརྟེན་ནས་སོ་སོ་ལ་ཁེ་བཟང་ཡོང་གི་ཡོད། དཔེར་ན། སྦྱིན་པ་ཞིག་གཏོང་དགོས་ཡོད་ན། གལ་ཏེ་དངུལ་སྤྲད་ས་སྤྲང་པོ་མེད་པ་ཡིན་ན། ཁྱོད་རང་སྦྱིན་པའི་ཕ་རོལ་དུ་ཕྱིན་སྲིད་ཀྱི་མ་རེད། ང་ཚོས་བསམ་དུས་སྤྲང་པོ་ལ་དངུལ་སྤྲད་པ་དེས་ཁོ་རང་ལ་ཕན་ཐོག་ཡོད་དྲན་གྱི་ཡོད་ཀྱང་། དངོས་གནས་བསམ་བློ་ཞིག་བཏང་ན་ཕན་དང་པོ་དེ་སོ་སོ་ལ་ཐོག་ཡོད་རེད། ཁྱོད་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པ་ཡིན་ན་སྦྱིན་པའི་ཕ་རོལ་དུ་ཕྱིན་དགོས། སྦྱིན་པའི་ཕ་རོལ་དུ་ཕྱིན་དགོས་པ་ཡིན་ན་ཡུལ་ཉམ་ཐག་སྤྲང་པོ་ཞིག་ལ་བརྟེན་ནས་སྦྱིན་པ་གཏོང་དགོས་རེད་མ་གཏོགས་སྤྲང་པོ་མེད་པར་སྦྱིན་པ་གཏོང་ས་ཡོད་མ་རེད། དཔེ་འདི་ནང་བཞིན། ཞེ་སྡང་སྐྱེ་ཡུལ་མེད་ན་བཟོད་པ་སུ་ལ་བསྒོམ་གསུང་པ་བཞིན། ཁོང་ཁྲོ་སྐྱེ་པ་ལ་ཁོང་ཁྲོ་སྐྱེ་ཡུལ་དགོས་ཀྱི་ཡོད། དེ་ལ་ཞེ་སྡང་སྐྱེ་སའི་ཡུལ་ཟེར་གྱི་ཡོད་རེད། བཟོད་པ་ཟེར་བ་དེ་ཡུལ་ཞིག་ལ་བརྟེན་ནས་སྒོམ་དགོས་པ་རེད་མ་གཏོགས་ཁྱོད་ལ་རྟག་པར་ཡག་པོ་དང་བཟང་པོ། ཆོས་པ། མཁས་པ་རེད་སོགས་མིང་འདྲ་མིན་སྣ་ཚོགས་བཏགས་ནས་ཡར་བཀྱག་བཞག་ན་བཟོད་པ་ཟེར་བའི་ཐ་སྙད་དེ་ཡོང་ས་ཡོད་མ་རེད། བཟོད་པ་ཟེར་བ་དེ་གནོད་བྱེད་ཀྱི་ཡུལ་ལ་དཀའ་ངལ་ཕྲད་ཡོང་དུས་དཀའ་ངལ་ལ་གདོང་ལེན་བྱས་ནས་སེམས་དེ་ཇི་མི་སྙམ་པའི་ཐོག་ལ་གནས་པ་ལ་ཟེར་གྱི་ཡོད། ཚུལ་ཁྲིམས་ཀྱང་དེ་འདྲ་བོ་རེད། ལུས་ངག་ཡིད་གསུམ་ལས་ལྷག་པར་དུ་ལུས་ཀྱི་ཐོག་ནས་སྲོག་གཅོད་པ་དང་། མ་འབྱིན་པ་ལེན་པ། མི་གཙང་བ་སྤྱོད་པ་ལ་སོགས་ཚང་མ་ཚུལ་ཁྲིམས་ཀྱི་ཁོངས་ལ་འཇོག་གི་ཡོད། དེ་ཚོ་ཚང་མ་སེམས་ཅན་དང་ད་ལྟའི་ང་ཚོའི་ཁོར་ཡུག མིའི་ཆོས་ལུགས་དང་དེའི་སྤྱི་ཚོགས་ལ་བརྟེན་ནས་ཡོང་གི་ཡོད། དེའི་སྐོར་དེ་ཚོ་གལ་ཆེན་པོ་མཐོང་གི་འདུག དེ་རིང་ངས་ཆོས་ཐུན་འདི་དེ་ལ་མཚམས་འཇོག་གི་ཡིན། ནམ་ཞག་རྒྱུན་དུ་ཁྱེད་རྣམ་པས་ཐུགས་ལ་འཇོག་དགོས་པ་ནི། ངས་ཆོས་བཤད་བྱེད་སྐབས་ཐོག་མར་མགོ་ལ་སྐྱབས་འགྲོ་དང་སེམས་སྐྱེད། མཇུག་ཏུ་བསྔོ་བ་དང་སྨོན་ལམ་རྒྱག་གི་ཡོད། སྤྱིར་བཏང་འདི་ནི་དྲ་ཚིགས་ཀྱི་ཆོས་ཚོགས་ཤིག་ཡིན་ཡང་། ང་ཆོས་འཆད་མཁན་ཞིག་གི་ངོས་ནས་ཁྱེད་ཚོ་ཚང་མ་ང་ཡི་མདུན་ལ་ཡོད་བསམ་པ་བྱས་ནས་ཀུན་སློང་བཅོས་ནས་གཟབ་གཟབ་བྱེད་ནས་ཞུ་གི་ཡོད། ཁྱེད་རྣམ་པ་ཡིན་ན་ཡང་དེ་འདྲ་གནང་རོགས་ཞུ་གི་ཡིན། དང་པོ་ངས་མགོ་བཙུགས་དུས་བླ་མ་ལ་གསོལ་བ་འདེབས་སྐབས་ཁྱེད་རྣམ་པས་ཀྱང་གསོལ་བ་མཉམ་དུ་ཐོབས། ཀུན་སློང་དེ་ཚོ་ཡག་པོ་བཅོས་ནས་མཇུག་ཏུ་ཆོས་བཤད་གྲུབ་རྗེས་བསྔོ་བ་དང་སྨོན་ལམ་བྱེད་སྐབས་ཀྱང་མཉམ་དུ་བསྔོ་བ་དང་སྨོན་ལམ་བརྒྱབ། དེ་འདྲ་བྱས་པ་ཡིན་ན། ཆོས་ཉན་པ་ཙམ་མ་ཡིན་པར་ང་རང་གི་ངོས་ནས་ཆོས་བཤད་པའི་ཕན་ཡོན་དང་། ཁྱེད་རང་ཚོ་ངོས་ནས་ཆོས་ཉན་པའི་ཕན་ཡོན། ཆོས་ཉན་པའི་སྐབས་སུ་ཚིག་དོན་ལ་བསམ་བློ་བཏང་ན་ཕན་ཡོན་ཅུང་ཟད་ཆེ་བ་ཡོད་རེད། ལགས་སོ་དེ་རིང་འདི་ལ་མཚམས་འཇོག་ཞུ་གི་ཡིན།
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ།།
སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།།

འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་ཇི་བཞིན་ཏེ།།
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

བདག་གཞན་སེམས་ཅན་ཐམས་ཅད་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།།

༼ཐུགས་སྣང་ཟུར་མཆན། ཉིན་ཐོ་འདི་ནི་གཏམ་བཤད་སྒྲ་ཐོག་ནས་གཞན་གྱིས་ཡིག་ཐོག་ཏུ་བསྒྱུར་ཅིང་རྗེས་སོར་ཉིན་ཐོར་གཏང་བ་ལས་ཡིག་ཐོག་ཏུ་བྲིས་པ་མིན་པར་ཤེས་དགོས