Sunday, March 29, 2015

གློག་བརྙན་འཁྲབ་སྟོན་ནང་ཞུགས་པའི་ཉིན་མོ།།

གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་karl pilkington
ཁ་སང་གི་ཉིན་མོ་འདི་ནི་ངོས་ལ་ལྟོས་ན་མི་ཚེའི་ནང་གི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན། གང་ཡིན་ཟེར་ན་འདས་པའི་ཟླ་གཅིག་གོང་ནས་ང་ལ་ཁ་པར་ཞིག་སླེབས་བྱུང་། དེ་ནི་དབྱིན་ལན་ནས་རེད་འདུག ཁོང་ནས་ཟེར་ན་ཁྱོད་རང་མཁན་པོ་ཀར་བསྟན་ཡིན་ནམ་ཟེར། ངས་ཀྱང་ང་ཡིན་ཅེས་བཤད་ནས་བརྗོད་བྱ་དངོས་གཞི་གླེང་མོལ་བྱས་དུས་ཁྱེད་རང་ངས་གུ་གུལ་དྲ་རྒྱའི་ལམ་ནས་རྙེད་བྱུང་། the moaning of life ཞེས་པའི་གློག་བརྙན་ཚོགས་པ་ནས་ཁྱེད་རང་ལ་འདོད་པ་ཡོད་ན་སེམས་ཅན་ཁ་ཤས་ཚེ་ཐར་གཏང་ནས་ཞོར་དུ་གཟུགས་མཐོང་བརྙན་འཕྲིན་ཞིག་ལེན་འཆར་ཡོད་ཅེས་དྲི་བ་གཏང་བྱུང་ངས་ཀྱང་དེ་བཞིན་ཁས་བླངས་པས་ཁ་སང་ཕོ་གསར་ན་གཞོན་བཞི་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་karl pilkington བཅས་མི་གྲངས་ལྔ་ང་ཡི་ཆོས་ཚོགས་སུ་སླེབས་བྱུང་། ཁོ་རང་ཚོའི་སྔ་ནས་འཆར་གཞི་ལྟར་རིན་ཐང་ཚད་མཐོར་སྙེགས་པའི་བརྙན་པར་འཕྲུལ་ཆས་དང་གཞན་པར་ཆས་སོགས་གང་རྫིག་ཁུར་འདུག ང་ནི་མི་ཚེ་དེར་གློག་བརྙན་འཁྲབ་སྟོན་པ་ཞིག་བྱེད་རྒྱུ་ཕར་ཞོག་ཐ་ན་རྨི་ལམ་ལའང་རྨིས་མྱོང་མེད་ཀྱང་དེ་རིང་མི་འདོད་བཞིན་དུ་འཛམ་གླིང་ནང་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པའི་མཉམ་དུ་སྟེས་དབང་གིས་ཁེལ་བྱུང་། དེ་རིང་ང་ཚོའི་གློག་བརྙན་འདིའི་དབྱིན་ཇིའི་རྒྱལ་ཁབ་གཞུང་གི་གཟུགས་མཐོང་བརྙན་འཕྲིན་ཐོག་ཏུ་ཐད་གཏོང་བྱེད་སྐབས་མི་ས་ཡ་དྲུག་གིས་མཐོང་གི་རེད་ཟེར། ངས་བསམ་པར་ཚེ་འཇུག་ཆོས་པ་རྣམ་དག་ཞིག་བྱེད་བསམ་ཡང་། ད་ཡིན་ན་བན་རྒན་འཆི་ཁར་གློག་བརྙན་འཁྲབ་སྟོན་པ་ཞིག་འགྱུར་གྲབ་འདུག
གང་ལྟར་ཀྱང་རྒྱལ་སྲས་ཞི་བ་ལྷས། 
རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ།། 
དེ་ནི་རིན་གྱིས་ཉོས་ནའང་དཀོན།། 
གསུངས་པ་ལྟར་དེ་རིང་ནི་སོ་སོའི་འདོད་བློ་བབས་མིན་ལ་མ་ལྟོས་པར་ཐག་རིང་ནས་ཆེད་དུ་སླེབས་པའི་ལོ་ཆུང་ན་གཞོན་འདི་རྣམས་ཀྱི་འདོད་བློ་ཡོངས་སུ་ཁེངས་སོང་བས་དེ་ཡང་ཆོས་ཀྱི་ཆ་ཤས་ཞིག་ཡིན་བསམ་ནས་བློ་བདེའི་ངང་གནས་ཡོད། 

ཉིན་རྒྱབ་ཏུ་ཁོང་ཚོའི་མངོན་འདོད་ལྟར་འབུ་དང་སྡིག་སྲིིན་སོགས་སྲོག་ཆགས་ཁ་ཤས་བསླུས་ནས་ཚེ་ཐར་གཏངས། དེ་ནས་རྒྱ་མཚོའི་འགྲམ་ནས་རྐང་འཁོར་ཞོན་བཞིན་ཡར་འགྲོ་མར་འགྲོ་ཁྱུག་ཙམ་རེ་བྱས། གང་ལྟར་དེ་རིང་ཉིན་གང་པོར་ཁོ་རང་ཚོའི་འདོད་པ་ལྟར་བྱ་བྱེད་འདྲ་མིན་ཐོག་ནས་བརྙན་པར་ལེན་པ་བྱས་ནས་དགོང་མོ་ཆུ་ཚོད་བཅུ་པའི་སྐབས་སུ་གཞི་ནས་ཆོས་ཚོགས་སུ་འབྱོར་སོང་། 

Thursday, March 26, 2015

སྐྱིད་པའི་ཉི་མ་ཆོས་ཀྱིས་འདས་པའི་ཉིན་མོ།།

Add caption
ཁ་སང་གི་ཞོགས་པ་ནི་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བླ་གཟའ་དང་། ངོས་ཀྱི་ཆོས་ཚོགས་སུ་འཆར་ཅན་ལྟར་དུ་ཡོད་པའི་ཆུ་ཚོད་བདུན་ནས་བརྒྱད་བར་དགོང་མོའི་སྒོམ་ཐུན་དེ་ཡིན། ཞོགས་པ་ནས་བཟུང་རྒྱུན་ཁྱེར་གྱི་ཁ་འདོན་རྣམས་ཚར་བར་བྱས། གནམ་གཤིས་ཧ་ཅང་བཟང་བས་གྲོགས་བསྟན་འཛིན་ནམ་མཁའ་དང་ལྷན་མཚོ་འགྲམ་ཁྱུག་ཙམ་ཉུལ། ནང་དུ་འབྱོར་ནས་སྔར་བཞིན་ཁ་འདོན་དང་དཔེ་བལྟས་སྒོམ་སོགས་གང་ཤེས་བྱས་ནས་ནང་དུ་གཅིག་པུར་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། 
ང་ནི་དུས་ཚོད་ཡོད་ན་ང་རང་གཅིག་པུར་ཆོས་ཚོགས་རྒྱབ་ཀྱི་ཉི་རའི་ནང་དུ་ཇ་འཐུང་བཞིན་དཔེ་བལྟས་བྱེད་རྒྱུ་ལས་སྐྱིད་གཅིག་མེད། 
ངོས་ཀྱི་དགེ་ཕྲུག་རྣམས་ནས་ཁྱེད་རང་གཅིག་པུར་འདུག་དུས་སུན་གི་མི་འདུག་བས། དེ་ལས་དེ་རིང་ང་དང་མཉམ་དུ་རྒྱ་མཚོའི་འགྲམ་དུ་འཁྱམས་ཉུལ་ལ་འགྲོ་ཞེས་ཟེར་མཁན་མི་ཉུང་བ་ཡོད། 
ང་མཚོ་འགྲམ་ཉུལ་རྒྱུ་ལ་དགའ་ཡང་། དེ་བས་ཆེས་དགའ་ཤོས་ནི་གཅིག་པུར་འདུག་ནས་ལོ་མང་རིང་དཀའ་བས་སྒྲུབས་པའི་དམ་ཆོས་རིན་པོ་ཆེ་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་མཇུག་སྐྱོང་རྒྱུ་འདི་དེ་བས་ཀྱང་དགའ། 

ཁྱོད་ཀྱིས་བལྟས་ན་ང་ལ་སུན་སྣང་སྐྱེ།། 

ང་ཡིས་བལྟས་ན་ཁྱེད་ལ་སུན་སྣང་སྐྱེ།། 
གང་ལྟར་གནས་སྐབས་མཐར་ཐུག་བདེ་བ་ལ།།
འཐོབ་བྱར་བཟུང་བ་ཙམ་ལས་ཁྱད་པར་མེད།། 

ང་ནི་གཅིག་པུར་འདུག་ལ་དགའ་བས་ན།། 
སྐྱིད་པའི་ཉི་མ་ཆོས་ཀྱིས་འདའ་བར་ཤོག།།
ཁྱེད་ནི་མང་པོའི་ནང་དུ་དགའ་བས་ན།། 
སྐྱིད་པའི་ཉི་མ་གྲོགས་ཀྱིས་འདའ་བར་ཤོག།




Saturday, March 14, 2015

སྙིང་ནས་བརྩེ་བའི་གླིང་ཚ་མ་བུ་གསུམ་ལ།

ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་འགྱུར་བ་མེད་པ་ལ་གུས་རང་ནས་ཀྱང་ཡི་རངས་བླ་མེད་ཞུ་བ་དང་ཆབ་གཅིག་ཡུལ་དུས་སྐལ་ནས་ཁྱེད་མ་སྨད་གསུམ་ལག་ཏུ་སྒོར་མོ་བཞག སྐེ་ལ་ཁ་གཏགས་གཡོགས། ཁ་རུ་ཟ་མ་སྤྲད་པ་སོགས་ནོར་ཟང་ཟིང་གི་ཕེབས་རྫོང་ཁོ་བོས་མ་འགྲུབ་ཀྱང་། ངོས་ཀྱང་མི་ཚེ་འདིར་གསང་སྔགས་ཟབ་མོའི་ཆོས་ལ་ཡིད་ཆེས་ཡོད་མཁན་མ་ཟད་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་ཁྱེད་མ་བུ་གསུམ་གྱི་ཕེབས་ལམ་དུ་བར་ཆད་མེད་པའི་སྨོན་ལམ་འདི་འདྲ་བ་ཞིག་གི་སྐྱེལ་རྫོང་བྱེད་ཀྱི་ཡོད།  
སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔
འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔
གདུག་པའི་སེམས་ཅན་སྤྲོད་པར་ཐེ་ཚོམ་མེད༔
ཨོ་རྒྱན་པདྨ་འབྱང་གནས་ལ་གསོལ་བ་འདེབས༔ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔


 ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ 
བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ 
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ 
ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ 
ཙོ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔ 
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ 
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་འདི་ཉིད་ཁྱེད་མ་བུ་གསུམ་ནས་ཀྱང་འགྲོ་ཞོར་ཁ་འདོན་དུ་གནང་ན་ཧ་ཅང་དགེ་མཚན་ཆེ། ལྷག་པར་དུ་བུ་ཚེ་བརྟན་རྡོ་རྗེ་ལགས་ནས་དུས་ཚོད་དང་ཆ་རྐྱེན་འཛོམས་སྐབས་ཁྱེད་མ་བུ་གསུམ་གྱི་གནས་སྟངས་སྐོར་ཉིན་ཐོར་བྱས་ནས་གཏང་ན་དེ་ལས་ཀྱང་ཡག་པོ་འདུག མ་བུ་གསུམ་གྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་བཅས་དྲ་གྲོགས་ཀརྨ་ཡེ་ཤེས་དེས་ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉ་ནས་གུས་པས་ཕུལ།། 

གཞོན་ནུ་ལྷན་ཚོགས་ལ་ཕུལ་བ།




དྲང་བདེན་གྱི་ལོ་རྒྱུས་ལ་མདུན་འཆོང་བྱེད་མཁན། རང་བཙན་གཙང་མའི་གད་རྒྱངས་འཛམ་གླིང་ལ་བསྒྲོགས་ཤིང་བཀུར་འོས་བཞུགས་སྒར་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་དུ།

གུས་པ་ཀརྨ་ནི་ཨ་རི་ཀི་ལི་ཧྥོ་ཉ་རུ་གནས་སྡོད་བྱེད་མཁན་ཞིག་ཡིན། དེ་སྔ་ཕན་ཆོད་རང་འཁོས་ནུས་པས་འཇོན་ཚོད་ལུགས་གཉིས་གང་གི་ཐད་ནས་ཀྱང་བོད་མི་རིགས་འདི་ལ་ཞབས་ཕྱི་འདི་འགྲུབ་ཡོད་ཞེས་དམིགས་བསལ་མཛུབ་མོ་བཙུགས་ནས་བསྟེན་རྒྱུ་ཞིག་མེད་ཀྱང་། ཞབས་འདྲེན་ཅན་གྱི་བྱས་རྗེས་ནག་པོ་ཅན་གྱི་མི་ཞིག་མིན་པ་མ་ཟད། གཞོན་ནུའི་ལངས་ཕྱོགས་དང་རང་བཙན་གཙང་མར་ཞེ་རྟིང་ནས་རྒྱབ་སྐྱོར་དང་རེ་བ་བྱེད་མཁན་ཞིག་ཡིན། རྒྱུ་མཚན་དེར་རྟེན་སྙིང་ཉེ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ལྟར་དེ་རིང་ངོས་ནས་ནང་མཆེད་ཀྱི་ཚུལ་དུ་ཚིག་ཁ་ཤས་ཞིག་མི་ཞུ་ཁག་མེད་བྱུང་། ལར་ནི་དེང་སང་དྲྲ་འབུ་དང་སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་སྨྲ་བརྗོད་རང་དབང་ཞེས་པའི་ཚིག་སྐམ་དེ་བེད་སྤྱོད་གཏང་ནས་སྤྱི་ཚོགས་འདི་ཞོག་ལྟར་དུ་ཆག་བཞིན་པའི་སྐབས་སུ་ཁྲག་བཞིན་དུ་དཀྲུགས་པའི་དུས་སྐབས་སུ་ཁྱེད་རྣམ་པ་ངོས་ལའང་ལྷ་དང་འདྲེ་སུ་ཡིན་ཡིད་ཆེས་དཀའ་ན་ཡང། ཆུང་ས་ནས་བཤད་ན་གུས་ནི་གོང་ཞུས་ལྟར་གཞོན་ནུ་ཚོགས་པ་སྤྱི་སྒེར་སུ་ལའང་འཁོན་འགྲས་ཁབ་རྩེ་ཙམ་ཡང་མེད་པ་མ་ཟད་ཉི་ཡོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམས་ངོས་ཀྱི་བློ་ཐུབ་ཀྱི་གྲོགས་པོ་ཞིག་ཀྱང་ཡིན།
འདས་ཟིན་པའི་མི་ལོའི་མང་པོའི་རིང་གཞོན་ལྷན་ནས་འཛམ་བུ་གླིང་སྡིང་ཆ་འདིའི་སྒང་ནས་བོད་དོན་ཁྱབ་བསྒྲགས་དང་། ལས་འགུལ་མི་འདྲ་བ་མང་པོ་ཞིག་སྤེལ་ཞིང་དེ་ཉིད་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་བོད་དོན་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་ནི་བློ་གཟུ་བོར་གནས་མཁན་ཞིག་ནས་དཔྱད་ན་ལོང་བས་བལྟས་ཀྱང་རྒྱལ་ཁམས་གསལ་བའི་དཔེ་ལྟར་ཚང་མས་མཁྱེན་གསལ་རེད།
འོན་ཀྱང་འདི་ལོའི་༼མྱ་ངན་ཆེན་མོའི་མུན་པའི་ལོ།༽འམ་མིང་གཞན། ༼སྤུན་ཟླ་མེར་བསྲེགས་གཏང་བའི་ལོ།༽གང་ལྟར་གོད་ཆགས་ཆེ་བའི་ལོ་ནག་པོ་འདི་ལོར་ས་གནས་གཞོན་ནུ་ལྷན་ཚོགས་ནས་དེ་སྔ་ཡོངས་སུ་མ་གྲགས་པའི་ལས་འགུལ་རྒྱ་ནག་སྐར་ལྔའི་དར་ཆ་མེར་བསྲེགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་དང་སྟབས་བསྟུན་ནས་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ནས་ལས་འགུལ་སྐབས་སུ་མང་ཚོགས་ལ་གཏམ་བཤད་སྐབས་སུ། ༼ཉིན་མ་དེ་རིང་ནས་བཟུང་སྟེ་གཞོན་ནུ་ལྷན་ཚོགས་ནས་ཇི་སྲིད་བོད་རང་བཙན་མ་ཐོབ་བར་དུ་དེ་སྲིད་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་མཚམས་བཞག་གི་མིན།༽ ཅེས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གསུངས་སྐབས། ༼སྐར་མ་ལྔ་ཅན་གྱི་དར་ཆ་འདི་ཡི་འོག་ཏུ་བོད་རིགས་སྤུན་ཟླ་འབུམ་ཕྲག་མང་པོ་ཚེ་སྲོག་ཤོར་ཡོད་༽སོགས་མང་དག་ཞིག་འགྲེལ་བཤད་གནང་བ་ལ་ཕྱོགས་གཅིག་ནས་ལྟས་ན་ཚོགས་གཞོན་གྱིས་གསུང་པར་བདེན་ཀྱང་ལས་འགུལ་གྱི་ངོ་བོ་དང་། དམིགས་ཡུལ། དེ་ཡི་རྒྱབ་ལྗོངས་སོགས་མང་པོ་ཞིག་ལ་མ་བལྟས་ན་སྐབས་དེ་དུས་ལྡིང་ཆའི་སྒང་ནས་སྐད་ཆ་འདྲ་ཆག་པོ་འདྲ་ཞིག་གིས་བོད་རིགས་བྱིངས་རྣམས་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེ་ལྟར་དུ་མ་བརྟགས་གཡམ་རྒྱུགས་ཅན་མང་པོ་ཞིག་ནས་བདེན་བདེན་འདྲ་བ་མཐོང་གི་ཡོད་ཀྱང་། ངོས་ནས་ཁོ་རང་གི་གསུངས་དེ་རྗེས་ནས་ཐེངས་མ་གཅིག་ཙམ་མ་ཡིན་པར་ཐེངས་ཁ་ཤས་ཡང་ནས་ཉན་པ་ཡིན། མཐར་གཞོན་ནུའི་ཚོགས་གཞོན་གྱི་གསུངས་བཤད་ལ་བསམ་གཞིག་མང་པོ་བྱས་དུས་ངོས་རང་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་མ་འཇོན་ཀྱང་སེམས་ཁུར་བྱེད་མཁན་ཞིག་ཡིན་པའི་རྐྱེན་གྱིས་ད་རེས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུའི་ལས་འགུལ་དེར་མོས་མཐུན་རྩ་བ་ནས་བྱེད་ཐུབ་མ་སོང་། ངོས་ནས་ལས་འགུལ་དེ་ཉིད་ཆེས་ཉེན་ཁ་ཅན་ཞིག་ཏུ་མཐོང་ནས་ཁ་སང་རང་བཞུགས་སྒར་དུ་ཡོད་པའི་དབུས་གཞོན་ནུའི་ཚོགས་གཞོན་ལ་ཤར་རྒྱག་ཁ་པར་གཏང་ནས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་ཕན་ལས་གནོད་ཆེ་བ་སོགས་མང་པོ་ཞིག་ངག་ཐོག་ནས་ཞུས་ཚར། མ་ཟད་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་དེང་སང་ཉི་ཡོག་ལ་ཡོད་པས་ཁོ་ལའང་ཁ་པར་གཏང་ནས་དེ་བཞིན་དུ་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏོང་བའི་ལས་འགུལ་དེ་མཚམས་འཇོག་གནང་རོགས་ཞེས་རྒྱུ་མཚན་མང་པོ་དང་བགྲངས་ནས་ཞུས་ཡོད། མཐར་ཁོང་ནས་གསུངས་ན་ང་གནས་སྐབས་ལས་བྲེལ་ཆེན་པོ་ཞིག་ཡོད་པས་ཁྱེད་རང་གི་བསམ་ཚུལ་གང་ཡོད་ཡིག་ཐོག་ཏུ་གཏང་ཤོག་གསུངས་བྱུང་བས་དེ་རིང་ངས་ཡང་སྐྱར་འདིར་ཡིག་ཐོག་ཏུ་མདོར་བསྡུས་ཞིག་བཀོད་ནས་འབུལ་གྱི་ཡིན།


རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་ཕན་ལས་གནོད་ཆེ་བ་གསུམ།
དང་པོ། ༽ རྒྱ་ནག་གི་རྒྱ་དར་མེར་བསྲེགས་གཏང་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིགས་འཛུགས་དགོངས་པ་ལས་ཡོངས་སུ་འགལ་བ།
རྒྱུ་མཚན་ནི།
༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འདས་པའི་ལོ་མང་རིང་འཛམ་གླིང་གང་སར་རྒྱ་བོད་གཉིས་ཕན་གྱི་ཆེད་དུ་འཚེ་མེད་ཞི་བའི་གསེར་ཟམ་ཞིག་བསྐྲུན་ནས་བོད་རིགས་ཙམ་མ་ཟད། རྒྱ་ནག་མི་མང་ཀྱང་དེ་ཡི་ཐོག་ནས་ཤར་བསྐྱོད་གནང་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། དེ་འདྲའི་སྔ་ན་མེད་པའི་མཛད་བཟང་དེ་ལ་བརྟེན་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཛད་ཕྲིན་དབྱར་གྱི་ཆུ་བོ་ལྟར་རྒྱས་བཞིན་པ་འདི་དང་མ་ཟད་བོད་མི་རིགས་དང་བོད་དོན་དང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ཉིད་ཀྱང་ལམ་བཟང་པོ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བ་རེད་ཅེས་བཤད་ཀྱང་མི་ཆོག་པ་ཕལ་ཆེར་མེད་སྙམ། མ་ཟད་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕུག་རྒྱངས་རིང་པོར་གཟིགས་ནས་འཛམ་གླིང་གང་སར་༼བོད་རྒྱ་མཛའ་འབྲེལ་ཚོགས་པ༽ཞེས་པ་མང་པོ་ཞིག་གསར་འཛུགས་གནང་ནས་དེང་སང་དེའི་བརྒྱུད་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མི་རིགས་མང་པོ་ཉིན་རེ་བཞིན་དུ་ཇེ་མང་ལ་འགྲོ་བཞིན་པ་འདི་ཡི་སྐབས་སུ་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་ན་རྒྱ་མི་རིགས་དང་ཞི་བདེ་ལ་དགའ་བའི་རྒྱལ་གཅེས་ཀྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་དང་བོད་རིགས་ཀྱི་བར་དུ་འགལ་བ ་ཇེ་ཆེ་རུ་འགྲོ་རྒྱུ་སྨོས་མེད་རེད།
གཉིས་པ། ༽ བོད་ནང་ཁུལ་ལ་རྒྱ་ནག་གཞུང་ནས་དྲག་གནོན་བྱེད་ངེས་པ།
རྒྱུ་མཚན་ནི་ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་གཞོན་ལྷན་གཙོས་བོད་མི་རྣམས་ཀྱིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བའི་སྐབས་སུ་རས་དུམ་དམར་པོ་ཞིག་མེར་བསྲེགས་གཏང་བ་ལ་ལས་སླ་མདོག་ཁ་བོ་ཞིག་ཡིན་ཀྱང་། དོན་དུ་རྒྱ་ནག་མི་མང་གི་སྙིང་ལ་སོས་མེད་ཀྱི་རྨ་ཁ་གསར་པ་ཞིག་བཟོ་ཡི་ཡོད། ལར་ནི་རྒྱ་ནག་གི་སྲིད་འཛིན་འདྲ་གླུད་རྡོག་རྫིས་གཏང་བ་དང་རྒྱལ་དར་མེར་བསྲེགས་གཏང་བ་སོགས་རྣམ་པ་གང་འདྲ་བྱས་ཀྱང་རྒྱལ་གཅེས་སྒང་ལ་ཁྱབ་བསྒྲགས་ལས་རྒྱ་ནག་སྲིད་གཞུང་ཁོང་ཁྲོ་སློང་བྱེད་ཙམ་ལས་ང་ཚོ་ལ་དགོས་པའི་དོན་ཕན་གང་ཡང་སོན་མི་ཐུབ་པ་མ་ཟད་དེའི་མཇུག་འབྲས་ཀྱི་ལས་ངན་དེ་གཞིས་ལུས་བོད་མི་རྣམས་ཀྱི་ཐོག་ཏུ་མྱོང་ངེས་པ་ནི་བོད་ཀྱི་གཏམ་དཔེར། མ་ལ་ཁོང་ཁྲོ་ཟ་ན། སྒོ་ཁྱི་རྡོ་ཡིས་བརྡུང་། ཞེས་པའི་དཔེ་ལྟར་དུ་མ་འདས། ལར་ནི་ངོས་རང་ནས་རྒྱ་ནག་ཁོང་ཁྲོ་ཟ་ན་བོད་ཀྱི་ལས་འགུལ་མཚམས་བཞག་དགོས་རེད་ཞེས་གཏན་ནས་བཤད་ཀྱི་མེད། ཇི་སྲིད་རྒྱ་ནག་གཞུང་ནས་ལྟ་བ་འཁྲེགས་པོ་ཇི་ཙམ་འཛིན་པ་དེ་སྲིད་རིང་ང་ཚོའི་འཐབ་རྩོད་དེ་རྣོ་ངར་ཅན་དུ་ངེས་པར་ཅན་གྱི་ཤུགས་ཆེ་རུ་གཏང་དགོས་རེད། ང་ཚོའི་འཐབ་རྩོད་དེ་སྐབས་དང་དུས་ལ་བསྟུན་ནས་ལས་འགུལ་སྤེལ་དགོས་རེད། འོན་ཀྱང་དགག་བྱ་དང་དགོས་པ་གཙོ་གང་ཆེ། ལས་འགུལ་དེས་དངོས་ཤུགས་བརྒྱུད་གསུམ་ནས་ང་ཚོ་ལ་ཁེ་གསང་ག་རེ་ཡོད་མེད་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ལས་འགུལ་གྱི་རྣམ་པ་ག་རེ་ཡིན་ནའང་ངོ་བོ་དེ་འཚེ་བ་མེད་པའི་ཐོག་ནས་འབྲས་བུ་ལ་ཕ་རོལ་པོ་གནོད་སྐྱོན་གཏོང་ཐུབ་པ་ང་ཚོ་ལ་ཕྱོགས་གང་ཐད་ནས་ཁེ་གསང་ཡོད་པ་དགོས་རེད།
གསུམ་པ། ༽བོད་རྒྱའི་མི་མང་བར་དུ་འགལ་བ་ཤུགས་ཆེ་རུ་འགྲོ་ངེས་པ།
རྒྱུ་མཚན་ནི། རྒྱ་ནག་སྲིད་གཞུང་ནས་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་ལ་རྒྱ་མི་མང་ལ་གསར་ཤོག་རླུང་འཕྲིན་སོགས་ཀྱི་ནང་དུ་ཁྱབ་བསྒྲགས་རྫུན་གྱི་འཁོར་ལོ་བསྐོར་བཞིན་པའི་སྐབས་སུ་ད་རེས་རྒྱ་ནག་དམར་པོའི་གཞུང་ལ་རྗུན་བཤད་མ་དགོས་པར་དངོས་ཡོད་བདེན་པ་ར་སྤྲོད་དུ་སྐྱབས་མགོན་རིན་པོ་ཆེའི་བཞུགས་སྒར་ནས་བཙན་བྱོལ་བོད་མིའི་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བ་འདི་རྒྱ་ནག་སྲིད་གཞུང་ནས་ཧ་ཅང་ནས་ཀྱང་རྙེད་པར་དཀའ་བའི་རྒྱ་ནག་མི་མང་ལ་བསྟེན་རྒྱུ་མེད་དུ་མི་རུང་བའི་ཆབ་སྲིད་ཀྱི་ལག་ཆ་ཡག་ཤོས་ཞིག་ཏུ་གྱུར་ནས་མཐར་རྒྱ་ནག་གཞུང་གི་རྒྱལ་དར་མེར་བསྲེགས་གཏང་བ་དེས་བོད་རྒྱ་མི་མང་གཉིས་བར་དུ་དཀྲུགས་ཤིང་གི་ཐུར་མ་ཞིག་ཏུ་གྱུར་ཡོད། སྔར་ལོར་ཟི་ཁྲོན་ཞིང་ཆེན་ནས་རྒྱ་རིགས་སློབ་མ་སུམ་སྟོང་ཙམ་ནས་བོད་རིགས་སློབ་མ་ལྔ་བརྒྱ་ཙམ་ལ་རྒྱུ་རྐྱེན་དམིགས་བསལ་བ་གང་ཡང་མེད་པར་རྒོལ་བརྡུང་བྱས་པའི་བྱུང་རྐྱེན་གཙོ་བོ་དེ་རྒྱ་ནག་སྲིད་གཞུང་ནས་རྒྱ་ནག་མི་མང་གསར་ལམ་ཁག་ནང་བོད་པའི་སྐོར་ཁྱབ་བསྒྲགས་རྫུན་མ་བྱས་ནས་མགོ་སྐོར་གཏང་བའི་རྐྱེན་གྱིས་ཡིན་པ་དེང་སང་རྒྱ་རིགས་མང་པོ་ཞིག་ནས་རིམ་བཞིན་ཤེས་ཀྱི་ཡོད།


གང་ལྟར་ཀྱང་ང་གཅིག་པུ་མ་ཡིན་པར་ཁ་བརྡ་དང་དུས་བབས། བང་ཆེན་སོགས་དྲ་རྒྱ་མང་པོའི་ནང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏང་བ་དེར་དཔེར་ན་༼གཞོན་ནུ་ལྷན་ཚོགས་ཀྱིས་གྱིས་བསམ་བློ་ཐོངས་༽ཞེས་པ་དང་། ༼གཞོན་ནུ་དང་འཚེ་བའི་ལས་འགུལ༽ ༼རྒྱལ་དར་མེར་བསྲེགས་ནས་བོད་རྒྱ་མི་མང་བར་དུ་འཁོན་སེམས་མ་སློངས༽༼རྒྱལ་དར་མེར་བསྲེགས་གཏང་བས་བོད་དོན་ལ་ཕན་དམ༽༼གཞོན་ལྷན་ལ་ཕུལ་བའི་དྲི་བ་བཅུ༽ཞེས་པ་སོགས་བློ་གཟུ་བོར་གནས་པའི་བོད་རིགས་མང་པོ་ཞིག་ནས་རྒྱལ་དར་མེར་བསྲེགས་གཏང་བ་འདིར་མོས་མཐུན་མེད་པའི་དཔྱད་རྩོམ་དང་བསམ་ཚུལ་སོགས་མང་དག་ཞིག་ཡོད་པ་འདི་རྣམས་ནི་མང་ཆེ་ཤོས་བོད་བསྟན་སྲིད་ཀྱི་དོན་དུ་ལྷག་བསམ་དང་ཤེས་ཡོན་མཁན་ཤ་སྟགས་ཡིན་ཚོད་དུ་སྣང་བས། རང་ལས་ཕན་ཆོད་མཐོང་ཚད་དང་ཐོས་ཚད་བླུན་པོ་རུ་འཛིན་ནས། རང་ཤེད་ཀྱི་ང་རྒྱལ་དགུངས་བས་མཐོ་ཞིང་གླེན་པའི་ཕ་རོ་མཛུབ་བཙུགས་སུ་མ་གྱུར་བར་ཕུགས་རྒྱངས་རིང་པོར་བསམ་བློ་གཏང་ནས་འདི་རྣམས་ལའང་སྤྱན་རས་གཡོ་ཙམ་གནང་ནས་དུས་ཚོད་ཆེས་གཉན་འཕྲང་ཅན་འདི་ཡི་སྐབས་སུ་མི་མང་གི་ཁ་ཕྱོགས་དེ་བྱས་པ་དོན་ལྡན་ཞིག་ཏུ་བསྒྱུར་རོགས།
རྫ་དཔའ་སྤྲུལ་རིན་པོ་ཆེའི་ཞལ་ནས། བདེན་བདེན་འདྲ་བ་འདུག་ན་གོ་བ་ཞིག་ལོངས་དང་། མི་བདེན་ཐུགས་དང་འགལ་ན་ཕྱོགས་མེད་དུ་བསྐྱུར་ཐོངས། ཞེས་པ་ལྟར་ཁྱེད་རྣམ་པའི་ལྷ་དགོངས་འོ་མའི་མཚོ་ལས་ཁ་གསོས་ཀྱི་ཐིག་པ་ལས་དོན་མེད་ཆགས་སྡང་གསོགས་པའི་རྒྱུ་རུ་མི་འགྱུར་བའི་སྨོན་ལམ་བཅས། བྱང་ཨ་རི་ཀི་ལི་ཧྥོ་ཉར་གནས་པའི་ཀརྨ་ནས་བསམ་ཚུལ་དུ་ཕུལ།།

ཁ་འདོན་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

ད་ནུབ་ཉལ་ཁར་ཁ་པར་དེ་སྒོ་རྒྱག་རྒྱུ་རྗེད་འདུག་སྟབས་ད་ནང་མཚན་མོ་ཆུ་ཚོད་གསུམ་པའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཐིར་སྒྲ་དྲག་པོས་འཇམ་པོའི་གཉིད་སྐྱིད་པོ་དེ་རྦད་དེ་དཀྲོགས་སོང་། མིག་ལྕི་ཁ་ཕྱེ་ལོངས་མེད་པར་ལམ་སང་ཁ་པར་ལ་ལག་ཉུག་བྱས་ནས་སྐད་གསལ་ལ་མ་གསལ་བ་ཞིག་དང་ལྷན་ཧ་ལོའི་སྐད་ཀྱིས་གཏམ་སྒོ་ཕྱེས་དུས་བལ་ཡུལ་ནས་ངོས་ཀྱི་ཕ་ཡུལ་གཅིག་པ་སྐུ་ཞབས་བསོད་ནམས་རྡོ་རྗེ་ལགས་རེད་འདུག ཁོང་ནི་ཉེ་བའི་ཆར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དགོན་པའི་སྒྲུབ་ཁང་ནང་ནས་ལོ་གསུམ་ཟླ་གསུམ་གྱི་མཚམས་གྲོལ་ཚར་མ་ཐག་ཡིན། ནམ་རྒྱུན་རྒྱ་གར་བལ་ཡུལ་ནས་ཁ་པར་སླེབས་ན་མང་ཤོས་ནི་དངུལ་ལ་རེ་མཁན་ཤ་སྟག་ཡིན། དེ་རིང་ནི་ངོ་མ་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་ངོས་ལ་འཚམས་འདྲི་ཙམ་ལས་གཞན་སྐད་ཆ་གང་ཡང་མི་འདུག 
 ཞོགས་པ་ཆུ་ཚོད་ལྔ་པའི་སྐབས་སུ་ལངས་ནས་གཙང་ཁང་ཕྱི་དོར་བྱས་ནས་མཆོད་པ་རྣམས་གཤམས། ཞོགས་ཟས་ཚར་མ་ཐག་ཏུ་ཁ་འདོན་རྣམས་ལ་བྲེལ་བས་ནམ་རྒྱུན་ངོས་ཀྱི་ཁ་འདོན་སྐབས་སུ་གཡས་གཡོན་ཐག་ཉེ་སར་ཡོད་པའི་ལས་མེད་རྒན་གོག་ངོས་ཀྱི་དགེ་ཕྲུག་ཁ་ཤས་མི་ཡི་ལས་ཟློས་སྤྲེའུ་དཔེ་ལྟར་ཁོ་རང་ཚོ་ནས་སྒོམ་བྱེད་ཀྱི་ཡོད། དེ་རིང་རྒན་གོག་གསུམ་སླེབས་བྱུང་བས་ང་ཚོ་སྒོམ་མཉམ་དུ་རྒྱབས་ནས་བསྡད་པ་ཡིན། ཉིན་གུང་རྒྱབ་ཏུ་ངོས་ཀྱི་རྩིས་འཁོར་ལག་ཁྱེར་ཆུང་བ་ipad ནང་ནས་རིན་མེད་ཀྱི་ཕབས་ལེན་བྱས་པའི་རྒྱལ་དབང་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོར་དཔེ་བལྟས་བྱས། ལྡེབ་མ་༦༣༦ གི་ནང་དུ་ལྷག་མཐོང་གི་སྐབས་སུ་བཞག་ཐབས་ལ།
 ཐོག་མར་སེམས་རང་ལུགས་སུ་ལྷོད་ཀྱི་གློད་ནས་འཇོག་དགོས། འཇོག་ལུགས་ནི། གསལ་དྭངས་ངར་དང་ལྡན་པ་ཉི་མ་སྤྲིན་དང་བྲལ་བ་ལྟ་བུར་བཞག བྱུང་ཚོར་སེམས་སུ་ཤེས་པ་ཆུ་དང་རླབས་ལྟ་བུར་བཞག གསལ་ཆ་ཡོད་ལ་འཛིན་པ་མེད་པ་བུ་ཆུང་གིས་ལྷ་ཁང་མཐོང་བ་ལྟ་བུར་བཞག 
ཞེས་འཇོག་སྒོམ་གྱི་བཞག་ཐབས་དཔེ་དོན་དང་སྦྱར་ནས་ཚིག་ཉུང་དོན་ཚང་བ་དོན་ལ་གོ་རྒྱུ་ཡོད་པ་གསལ་པོར་གསུངས་འདུག་པས་སེམས་ལ་ཕན་པོ་འདྲ་ཞིག་བྱུང་། དེ་ནས་པོར་ལེན་ཌ་ལ་ཡོད་པའི་ངོས་ཀྱི་ཆོས་གྲོགས་པདྨ་ཆོས་འཕེལ་དང་མཉམ་དུ་ཆོས་གཏམ་འགའ་བྱས་ནས་དགོངས་ཟས་ལ་རོལ། 
དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར།

དཔེ་བལྟས་བྱས་ནས་ནང་དུ་བསྡད་པའི་ཉིན་མོ།

ཞོགས་པ་ལང་ནས་གཟུགས་པོའི་འཕྲོད་བསྟེན་གྱི་ཆེད་དུ་རྐང་འགྲོས་ཐུང་ཙམ་བྱས་ནང་དུ་འབྱོར་ཞིང་ཞོགས་ཟས་ཚར་མ་ཐག་ཁ་འདོན་རྣམས་ཚར་བར་བྱས། ལོ་གཉིས་ཡར་སྔོན་ནས་ངོ་ཤེས་སུ་གྱུར་པའི་འགུ་ལོག་སྔགས་པ་མཐར་ཕྱིན་རིན་པོ་ཆེ་ནས་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེའི་གསུང་འབུམ་པོད་གསུམ་རིན་མེད་གནང་བྱུང་བས་དེ་རིང་ངོས་ཀྱི་ཉི་ར་ནང་དུ་འཕྲེད་འཕྱངས་དྲྭ་ཐག་ཐོག་ཏུ་འཕྲེད་ཉལ་ཉི་ལྡེའི་ཞོར་དུ་པོད་གཉིས་པ་དེར་དཔེ་མཇལ་ཞུས་པ་ཡིན། དེའི་ནང་དུ། 
ཚོགས་ཁང་པདྨའི་རྒྱུད་མང་། དེའི་དོན་འགྲེལ་ཉི་མ་གཞོན་ནུའི་འོད་ཟེར།
ཞེས་པ་དེར་ཞིབ་མཇལ་ཞུས་པས་མཛད་པ་པོ་ཁོང་ལ་མི་ཕྱེད་པའི་དད་པ་ཞིག་སྐྱེ་བྱུང་། གང་ཡིན་ཟེར་ན་དོན་འགྲེལ་འདི་ཡི་སྐབས་སུ། ཚིག་གིས་དོན་སྟོན་ཅིང་། དོན་ཉམས་ལེན་དང་སྦྱར་བ། དཔྱད་འོས་ཀྱི་རྒྱབ་རྟེན་གྱི་ལུང་ཁུང་བཙན་ཅིང་། ལུང་དོན་གནད་ཐོག་ཏུ་ཁེལ་བ་སོགས་གང་ནས་བལྟས་ཀྱང་ཁོང་ནི་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་སྐྱེ་བུ་ཁྱད་པར་བ་ཞིག་ཡིན་པ་སུས་ཀྱང་འགྲེལ་བཤད་མ་དགོས་པར་བསྟན་བཅོས་འདིས་རྟོགས་ཐུབ་བྱུང་། 
སེམས་སྐྱོ་དགོས་པ་ཞིག་ལ་ཉིས་སྟོང་གསུམ་ལོར་ང་བལ་ཡུལ་ནས་དགོན་པ་ཞིག་ནང་དཔེ་ཁྲིད་བྱེད་བཞིན་པའི་སྐབས་སུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་ཡོད་པའི་བདུད་འཇོམས་དགོན་པ་ཞིག་ནང་ཆོས་མཇལ་ལ་སོང་བའི་སྐབས་སུ་བགྲེས་ཉམས་ཅན་གྱི་སྔགས་པ་ཞིག་ཨ་ནེ་གྲྭ་པ་འགའ་ནས་གཡས་སྐྱོར་གཡོན་སྐྱོར་བྱེད་བཞིན་པ་མཐོང་བ་དེ་དེ་རིང་བཀླག་མ་ཐག་པའི་བསྟན་བཅོས་མཇད་པ་པོ་དེ་ཡིན་པ་ཤེས་སོང་། སྐབས་དེ་དུས་རྒྱ་གར་བལ་ཡུལ་བླ་མ་འགའ་ཡིས་ངོས་ཀྱི་དག་སྣང་སྣ་བོ་ཆེའི་ཐོག་ཏུ་ཚུལ་མིན་རྩིང་སྤྱོད་ཁུ་ཚུར་ཞིག་བཞུས་མ་ཐག་པ་ཡིན་སྟབས་ཁོང་ཡང་དམ་པ་དམན་པའི་གྲངས་སུ་འཕངས་ནས་དད་པ་འཇོག་མ་ཤེས། 
སྤྱིར་གཏངས་བདུད་འཇོམས་གཏེར་གསར་འདི་ནི་ངས་གོ་ཚུལ་ཞིག་ལ་མཆོག་གླིང་གཏེར་གསར་གྱི་འཕྲོ་ཅན་རེད་ཅེས་པ་ཞིག་རྣ་ལམ་དུ་འཇག་འདུག་སྟབས་ད་ལྟ་ཞིབ་མཇལ་བྱེད་དུས་ཕལ་ཆེར་མཆོག་གླིང་གཏེར་གསར་གྱི་གསུང་སྒྲོས་ཀྱི་ཚིག་རྣམས་གཅིག་པ་གཅིག་རྐྱང་རེད་འདུག 
དེ་རིང་གི་ཉིན་ཐོ་མདོར་བསྡུས་དེ་གཏངས་ནས་ཉལ་སར་སོང་ནས་གཉིད་དུ་ཡུར། 

Thursday, March 12, 2015

སུམ་བཅུའི་དུས་དྲན་ཐེངས་མ་ང་བཅུ་ང་དྲུག་པ།

ཉིན་མོ་འདི་ནི་བོད་དགྲ་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་ང་ལྔ་པ་དེ་ཡིན། བོད་པ་རྣམས་ཀྱིས་སུམ་བཅུ་དུས་དྲན་ཞེས་འབོད་སྲོལ་ཡོད། དེ་ནི་༡༩༥༩ ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་ལྷ་ས་ནས་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་གི་བོད་ཟ་སེམས་ཀྱི་གཡོ་སྒྱུས་སྲིད་ཇུས་ངན་པ་དེར་ངོ་རྒོལ་བྱས་པའི་ཉིན་མོ་དེ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་བོད་རིགས་འབུམ་གཅིག་ལྷག་སྔ་ཕྱིར་རྒྱ་གར་ལ་སྐྱབས་བཅོལ་དུ་སླེབས་ནས་ད་བར་ཕྱི་སྡོད་སྐྱབས་བཅོལ་བོད་པ་རྣམས་ཀྱིས་དུས་དྲན་འདི་སྲུང་གཙི་བྱས་ནས་ད་ལོར་མི་ལོ་ལྔ་བཅུ་ང་དྲུག་ཏག་ཏག་སོང་ཡོད། 
གང་ལྟར་ཀྱང་དེ་རིང་གི་ཉིན་མོ་འདི་ནི། 
གཅེས་པའི་ཕ་ས་དགྲ་བོས་འཕྲོག་ནས་མི་འདོད་ཡུལ་གྱར་དུ་བུད་པའི་ཉིན་མོ། 
ཉེས་མེད་སྤུན་ཟླ་དམར་བསད་གཏང་ནས་ཁེར་རྐྱང་དྭ་ཕྲུག་ཏུ་ལུས་པའི་ཉིན་མོ། 
རིན་བྲལ་དགོན་སྡེ་གཏོར་བཤིགས་གཏང་ནས་བླ་སྤྲུལ་འཛིན་བཟུང་བྱས་པའི་ཉིན་མོ། 
སོགས་གང་ལྟར་བོད་མི་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་བྱུང་མ་མྱོང་བའི་གོད་ཆག་བཀྲ་མ་ཤིས་པ་དང་དོན་མ་འགྲུབ་པ་བོད་མདོ་དབུས་ཁམས་གསུམ་ལ་མི་འདོད་པའི་ལྟས་ངན་བཅོ་བརྒྱད་བྱུང་ནས་སྐྱིད་མིན་སྡུག་གི་ཉི་མ་ནག་པོ་ཤར་བའི་ཉིན་མོ་ཞིག་ཀྱང་ཡིན། 
འོན་ཀྱང་བོད་པའི་ཁ་རྒྱུན་དུ་ལྟས་ངན་གཡང་དུ་ལེན། རྐྱེན་ངན་གྲོགས་སུ་ཤར་ཞེས་པའི་སེམས་གསོའི་ཤ་ཚ་མོའི་ཚིག་དུམ་དེ་སྙིང་ལ་བཅངས་ནས་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་སའི་དཔེ་ལྟར་ཕྱི་སྡོད་སྐྱབས་བཅོལ་བོད་རིགས་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བསྟེན་ནས་མཆོད་རྟེན་མགོ་འཇུག་ལྡོག་ཀྱང་བང་རིམ་རྩིས་བགྲང་གི་དཔེ་ལྟར་བོད་གཞི་བྱེས་མཉམ་འཛོམས་མ་བྱུང་ཡང་ད་ཆ་བོད་འདི་ཛམྦུའི་གླིང་གི་སྐྱབས་བཅོལ་བའི་ནང་ནས་ཆ་རྐྱེན་དང་གནས་ཚད་མཐོ་ཤོས་ཞིག་ཏུ་སླེབས་ཡོད་པ་མ་ཟད་བོད་བརྒྱུད་ནང་བསྟན་འདི་གོ་ལའི་གཅེས་ནོར་ཞིག་ཏུ་ནང་པ་མ་ཡིན་པའི་ཚན་རིག་པའི་མཁས་དབང་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད། དེ་རིང་གི་ཉིན་མོ་འདིར་ཕྱི་ལོགས་གཡར་པོའི་རྒྱལ་ཁབ་ནང་འཐོར་བསྡད་པའི་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་དང་ཁྲོམ་ལམ་སོགས་སུ་ཁ་ངུ་སྐད་དང་སྦྲག། མིག་མཆི་མས་གང་། ལག་ཏུ་གངས་སེང་གི་དར་ཆ་ཅན་ལོ་རེ་བཞིན་ཇེ་མང་དུ་མཐོང་རྒྱུ་ཡོད། 
དེ་སྔོན་ས་གནས་འདིར་གཏན་བསྡོད་བྱེད་མཁན་བོད་པ་ང་ལས་མེད་ཀྱང་སྟབས་ལེགས་པ་ཞིག་ལ་ད་ལོར་བལ་ཡུལ་ནས་ཕེབས་པའི་བོད་པ་མི་ཚང་ཡ་རབ་ཞིག་ཉེ་ཆར་ངོ་ཤེས་བྱུང་། དེ་རིང་སྐད་འབོད་སྐབས་སུ་ཁོང་ཚོའི་ནང་མི་ལྔ་པོ་ཆ་ཚང་དང་མ་ཟད་ང་ཡི་ཆོས་ཚོགས་ཀྱི་དབྱིན་ཇི་སློབ་མ་རྣམས་གཙོས་མི་གྲངས་སུམ་བཅུ་མ་ཟིན་ཙམ་ཞིག་སྐད་འབོད་ལ་འབྱོར་འདུག ད་ལོ་དམིགས་བསལ་སེན་ཧྥེ་རན་སེའུ་སེ་ཀོའུ་ནས་ཆེད་དུ་ཕེབས་པའི་གློག་བརྙན་ལེན་མཁན་དང་ཨ་རིའི་གཞུང་གི་རླུང་འཕྲིན་ཁང་སོགས་གཅིག་ལྕོག་བུ་མོ་མར་ལོའུ་སླེབས་འདུག་སྟབས་ཆོས་ཚོགས་ཀྱི་དགེ་སློབ་ཡོངས་ནས་དགའ་བསུ་ཆེན་པོ་བྱས་སོང་། ང་འདིར་འབྱོར་ནས་མི་ལོ་ལྔ་ཡི་རིང་སུམ་བཅུ་དུས་དྲན་དང་རྒྱལ་བའི་འཁྲུངས་སྐར་སོགས་བོད་པའི་རྩ་ཆེའི་དུས་ཆེན་རྣམས་ཆད་མྱོང་མེད། དེ་ནི་ང་རང་ཉིད་བོད་མི་ཞིག་ཡིན་པའི་རྒྱུ་མཚན་གྱིས་གཡོལ་དུ་མེད་པ་ཕྲག་པའི་ཐོག་ཏུ་ཡོད་པའི་ལས་འགན་ཞིག་ཡིན་བསམ་གྱི་ཡོད། 
མི་མང་ནས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་དགོས་སོགས་ཞེས་པའི་འཕྲེད་དར་དང་སྦྱར་བྱང་འདྲ་མིན་ཁུར་ནས་ཆུ་ཚོད་གཉིས་ཙམ་གྱི་རིང་ཁྲོམ་སྐོར་བྱས། གཞུང་ལམ་ནང་ནས་བོད་པར་རྒྱབ་སྐྱོར་ཡོད་པའི་རྟགས་སུ་མགྲོན་པོ་རྣམས་ཀྱིས་རླངས་འཁོར་གྱི་ཉེན་བརྡ་ཙིར་ཙིར་གཏོང་མཁན་ནི་ཆད་མེད་རེད། 
ཁྱད་མཚར་བོ་ཞིག་ལ་ཨ་རིའི་སྐྱབས་བཅོལ་ཡིག་ཆ་ཞུས་སྐབས་སྟེས་དབང་གིས་བྱུང་བའི་ངོས་ཀྱི་སྐྱེ་སྐར་རྫུན་མ་དེ་ཡང་དེ་རིང་གི་ཉིན་མོ་འདིར་མཉམ་དུ་ཁེལ་ཡོད། སྐད་འབོད་གྲུབ་མ་ཐག་ཆུ་ཚོད་དྲུག་པའི་སྐབས་སུ་ཆོས་ཚོགས་སུ་སོང་བས་ཆོས་ཚོགས་ཀྱི་ལས་བྱེད་རྣམས་ནས་ངོས་ཀྱི་སྐྱེ་སྐར་གྱི་འོ་སྤྲིས་མཆོད་མེ་ཡང་ལས་རྒྱན་པ་གཤམས་ནས་དེང་དུས་ཀྱི་ལུགས་སྲོལ་ལྟར་ཡང་ལའི་མཆོད་མེ་དབུགས་ཐེངས་གཅིག་གིས་ཕུ་ཡིས་བདས་ཅིང་སྐྱེས་སྐར་ཤིས་ཚིག་མཉམ་གྱེར་བྱས་ནས་འཚོགས་ཁང་འུར་སྒྲ་དང་ཐལ་སྒྲས་ཁེང་སོང་། 
ངོས་ལ་ལྟོས་ན་སྐྱེས་སྐར་སྲུང་བརྩི་བྱེད་རྒྱུ་གལ་ཆེན་པོ་མིན་པ་མ་ཟད་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ལའང་ཆེར་མི་མཐུན་ཀྱང་དགེ་ཕྲུག་ཆོས་གྲོགས་ཕོ་མོ་རྣམས་ཀྱི་འདོད་པ་ལྟར་ཚོགས་ཁང་ཀུ་ཅོ་འུར་སྒྲས་བཀང་ནས་དགོང་མོ་ཆུ་ཚོད་བཅུ་གཅིག་མ་ཟིན་བར་དུ་བསྡད་པས་ཧ་ཅང་སྐྱིད་པོ་བྱུང་། 

མགོན་སྐྱབས་དཔུང་གཉེན་མེད་པ་གཞིས་ལུས་ཀྱི་སྤུན་ཟླ།། 
ལོ་ཟླའི་ཉིན་མཚན་སྦྲེལ་ཞིང་རེ་ཆེན་གྱི་འཕྲང་ནས།། 
སྡུག་གི་མུན་པའི་ཁྲོད་དུ་ངུ་སྒུག་རང་བྱས་དུས།། 
སེམས་ལ་སོས་མེད་རྨ་ཁ་གསར་པ་ཞིག་བཟོས་སོང་།། 

འགྱུར་མེད་སེམས་ཤུགས་ཡ་ཀིའི་རི་རྒྱལ་ལས་བརྟན་ཅིང་།། 
ལ་རྒྱའི་ཕུག་བསམ་མ་ཀིའི་རྒྱ་མཚོ་ལས་ཟབ་པ།། 
ཤ་རུས་གདུང་བརྒྱུད་གཅིག་པའི་གདོང་དམར་གྱི་བོད་པ།། 
ཆོལ་གསུམ་ཆིག་སྒྲིལ་གྱིས་དང་ཕ་ས་དེ་ཟིན་ཡོང་།། 

དགོས་པའི་ཕ་བསད་དགྲ་ལ་ཡ་ལན་ཞིག་མེད་པར།། 
མི་དགོས་ཕུ་ནུའི་ནང་ལ་མདུང་རྩེ་དེ་མ་བསྟེན།། 
རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་དེ་སྒྲུབས་དང་།། 
ཅི་བསམ་འགྲུབ་པ་རང་གི་ལག་མཐིལ་དུ་ཡོད་དོ།། 

དེ་རིང་ཉིན་ཐོ་དེ་གཏངས་ཞིང་ཉལ་སར་སོང་ནས་གན་སྐྱལ་དུ་བྲང་ཐོག་ཏུ་ལག་པ་བཞག་ནས་རང་གིས་རང་ལ་བསྟོད་ར་དང་ཡིད་སྨོན་བྱེད་བཞིན་དེ་རིང་ས་གནས་འདིར་བོད་མི་ཞིག་ཡོད་གོ་ཆོད་པ་ཞིག་བྱས་ཡོད་བསམ་དགའ་བཞིན་དུ་ཉལ་སར་སོང་སྐྱིད་ཉལ་བྱས་ནས་གཉིད་དུ་ཡུར།། 


Monday, March 2, 2015

ཁ་འདོན་བྱས་པའི་ཉིན་མོ།།

ཞོགས་ཟས་ཚར་མ་ཐག་ཁ་འདོན་རྣམས་གྲུབ་པར་བྱས། ནམ་རྒྱུན་འཆར་ཅན་ལྟར་རྒྱ་མཚོའི་འགྲམ་དུ་ལུས་བདེའི་གཟུགས་པོའི་འཕྲོད་བསྟེན་ཆེད་དུ་ཆུ་ཚོད་གཅིག་ལྷག་འགྲོ་གི་ཡོད། དེ་རིང་ནི་གནམ་གཤིས་དེ་ཙམ་མི་ལེགས་པས་ནང་དུ་བསྡད་ནས་སྔ་ལོར་རྒྱ་གར་ལ་སོང་བའི་སྐབས་སུ་བོད་སྒར་བསམ་ཡས་གླིང་ནས་ཉོས་པའི་དཔེ་ཆའི་ཁྲོད། གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོའི་བསྒྲིགས་པའི་ཉེ་བརྒྱུད་གཅོད་ཀྱི་ཁྲི་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་པའི་པོད་གཉིས་ཅན་དེ་ཁ་ཕྱེས་ནས་ཞིབ་མཇལ་བྱས་པས་སེམས་ལ་ཕན་པོ་བྱུང་། དེབ་འདིའི་ནང་དུ་གཅོད་ཁྲིད་གཅིག་པུ་མ་ཡིན་པར་ཐུན་མོང་ལམ་སྦྱང་སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ཕལ་སྐད་གོ་སླའི་ཚུལ་དུ་གསལ་བོར་བཀོད་འདུག ནམ་རྒྱུན་ནང་ཆོས་དང་ལྷག་པར་བློ་སྦྱོང་སྐོར་དཔེ་ཀློག་བགྱིས་པའི་སྐབས་སུ་སྟུན་པ་བཞིའི་ནང་གསེས་ཚིག་ལ་མི་སྟུན་དོན་ལ་སྟུན་གསུངས་པ་ལྟར་ཚིག་དག་མིན་དང་སྡེབ་སྦྱོར་ཡག་མིན་ལ་བསམ་བློ་མི་གཏོངས་ནས་བརྗོད་བྱའི་དོན་ཉིད་རང་གི་ཉམས་སུ་ལེན་བྱའི་གདམས་ངག་ཏུ་གོ་ནས་བཀླག་པ་ཡིན་ན་ནང་ཆོས་ཀྱི་དེབ་བཀླག་པའི་དོན་གོ་ཆོད་པ་རེད། 
དེ་མ་ཡིན་པར་དང་པོ་ཉིད་ནས་དེབ་ཉིད་ཞིབ་འཇུག་བྱེད་མཁན་འདྲ་བོར་བྱས། བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་ལེགས་པའི་ཆ་རྣམས་གང་ཡང་མ་མཐོང་ནས་སྐྱོན་གྱི་ཆ་གང་ཡོད་པ་དེ་ལ་མིག་ཅེར་ཅེར། རིག་པ་གྲུང་གྲུང་བྱེད་ནས་སྐྱོན་འདོགས་རྒྱུ་ཅི་  
རྙེད་བྱས་བསྡད་ན་ཁྱེད་རང་གི་བཀླག་རྒྱུའི་ནང་ཆོས་དེབ་གང་འདྲའི་རྩ་ཆེན་པོ་ཡིན་ཀྱང་སེམས་ལ་ཕན་རྒྱུ་ཕར་ཞོགས་རང་རྒྱུད་ལ་ང་རྒྱལ་དང་འགྲན་སེམས་སོགས་བསྐྱེད་བྱས་སུ་སོང་ན་ལྷ་བདུད་དུ་བབས་པ་དང་སྨན་དུག་ཏུ་སོང་བ་ཡིན་པས་དེ་འདྲར་མ་སོང་བར་རབ་ཏུ་བྱུང་ན་དེབ་བཀླག་ཚར་དུས་སེམས་ལ་སྔར་མེད་ཀྱི་ཐོས་བྱུང་གི་ཤེས་རབ་ན་འཕར་ནས་དེབ་ནས་གསུངས་པའི་དོན་ཚང་མར་རང་རྒྱུད་ཉོན་མོངས་འདུལ་བྱེད་ཐབ་ལམ་ཏུ་གོ་ནས་དེབ་ཉིད་སློབ་དཔོན་ཁྲོ་མེད་དམ་པའི་འདུ་ཤེས་ཀྱིས་འཇོག་ཐུབ་པ་ཞིག་དགོས། ཐ་ནའང་དེབ་ནས་གསུངས་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་། འཆི་བ་མི་རྟག་ལས་འབྲས་སོགས་ལ་རང་བློའི་ངེས་པ་ཇེ་ཆེར་འདྲོངས་ནས་མེ་འབར་བ་ལ་མར་ཁུས་གསོས་བཏབས་པ་ནང་བཞིན་རང་རྒྱུད་ཀྱི་དཀར་ཆོས་ཡོན་ཏན་རྣམས་འཕེལ་དུ་འཕེལ་ཞིང་། མ་མཐའ་ཡང་དེབ་བཀླག་ཚར་བའི་སྐབས་སུ་ངེས་འབྱུང་དང་བྱམས་སེམས་སོགས་ཀྱི་རྐྱེན་སེམས་ལ་ཚ་ཟིང་ངེ་བ་ཞིག་བྱུང་ན་ནང་ཆོས་ཀྱི་དེབ་བཀླག་པའི་དོན་གོ་ཆོད་པ་ཡིན། 
ང་ནི་དེ་རིང་ཧ་ཅང་སྐྱིད་པོ་བྱུང་ཉིན་མ་རེ་རེ་ལ་སྡིག་ལས་ལ་འཛེམས་ཅི་ཐུབ་ཀྱིས་དམ་པའི་ཆོས་དང་མ་འགལ་བར་བེམ་གོག་འདི་དུར་སར་བསྐྱལ་ཐུབ་ན་བན་རྒན་ང་ཡི་བསམ་པ་ཡོངས་སུ་ཁེངས་པ་ཡིན།། 

ཡུན་ཐུང་མི་ཚེ་ནམ་མཁའི་འཇའ་ཚོན་འདྲ།། 
འཁོར་བའི་རང་བཞིན་སྨྱོན་པའི་ཟློས་གར་འདྲ།། 
བདེ་སྡུག་སྣ་ཚོགས་མདང་སུམ་རྨི་ལམ་འདྲ།། 
གང་ལ་དཔྱད་ཀྱང་སྙིང་པོ་མེད་པ་འདྲ།། 

དལ་འབྱོར་དོན་ཆེན་རྙེད་པའི་ལག་རྗེས་སུ།། 
ཚེ་འདིར་སངས་རྒྱས་འཐོབ་པར་མ་བྱུང་ཡང་། 
དོན་མེད་སྡིག་པའི་གཡོག་ཏུ་མ་སོང་བར།། 
སྐྱིད་པའི་མི་ཚེ་ཆོས་ཀྱིས་འདའ་བར་ཤོག།