Monday, March 21, 2022

སྟོང་ལོ་ཉེར་གཉིས་ཉིན་མོའི་སུམ་བཅུ་དུས་དྲན།

  

སྟོང་ལོ་ཉེར་གཉིས་ཉིན་མོའི་སུམ་བཅུ་དུས་དྲན།
སུམ་བཅུ་དུས་དྲན་ཞེས་འབོད་ཡོང་དུས་བོད་རིགས་མང་ཆེ་བས་སྐབས་དེ་དུས་བོད་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ལ་ཆོལ་གསུམ་ཡོངས་སུ་རྫོགས་པས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ངོ་རྒོལ་བྱས་པའི་ཉིན་མོ་ཙམ་ཡིན་པ་ལས་སྐབས་དེ་དུས་མཉམ་ཞུགས་གནང་མྱོང་མཁན་མི་ལོ་དྲུག་བཅུའི་ཡར་འདབས་ཅན་ཞིག་གིས་མ་གཏོགས་ཞིབ་ཕྲའི་གནས་ཚུལ་ཇི་བྱུང་ཕལ་ཆེར་གྱིས་མི་ཤེས། གང་ལྟར་ཀྱང་ཉིན་མོ་འདི་ནི། ཕ་ས་དགྲ་ལག་ཏུ་ཤོར་བའི་ཉིན་མོ། གཙང་ཆུ་ཁྲག་མདོག་ཏུ་བསྒྱུར་བའི་ཉིན་མོ། སྐྱབས་མགོན་ས་མཐའ་ལ་ཕུད་པའི་ཉིན་མོ། སྤུན་ཟླ་འབུམ་ཕྲག་མང་པོ་དམར་གསད་གཏང་བའི་ཉིན་མོ། བསྟན་འཛིན་གྱི་སྐྱེས་བུ་རྣམ་པ་ཉེས་མེད་བཙོན་དུ་བཅུག་པའི་ཉིན་མོ་སོགས་བགྲང་ཡང་གྲངས་ཀྱིས་མི་ལངས་པའི་ཆོལ་གསུམ་བོད་རིགས་ཡོངས་ལ་ལོ་རྒྱུས་ཀྱི་ཐོག་ནས་སྔར་བྱུང་མ་མྱོང་བའི་མགོ་ཐོག་ཏུ་ཤར་བའི་ཉི་མ་ནག་པོ་ཞིག་རེད། མདོར་ན་སྐབས་དེ་དུས་རྒྱ་ནག་དམར་པོའི་ངན་གཡོའི་འོག་ནས་སྐྱབས་མགོན་ཡིད་བཞིན་ནོར་བུ་དམག་སྒར་དུ་དུ་གདན་ཞུ་དགོས་པའི་སྒྲག་གཏམ་ལ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གྱེན་ལངས་བྱས་ཤིང་སྐད་འབོད་བྱས་པ་རེད། སྐབས་དེ་དུས་འབོད་ཚིག་ལ།

༼རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རང་བཙན་གཙང་མ་ཡིན༽

། ཟེར་བའི་འབོད་ཚིག་གསུམ་འདི་རེད་འདུག སྐབས་དེ་དུས་ཀྱི་བོད་ཆོལ་ཁ་གསུམ་གྱི་འབོད་ཚིག་འདི་གསུམ་ནི་ཁོང་རྣམ་པའི་ཤི་གསོན་རྣམས་ཀྱི་ཁ་ཆེམས་དང་རེ་འབོད་ངོ་མ་དེ་ཡིན་སྟབས་མི་རབས་དང་དུས་རབས་ཇི་ལྟར་འགྱུར་བ་སོང་ཡང་གོང་གི་འབོད་ཚིག་གསུམ་དེ་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད།

ང་རང་ཉིད་ལ་མཚོན་ན་སུམ་བཅུའི་དུས་དྲན་གྱི་ལས་འགུལ་འདི་ཧ་ཅང་གལ་ཆེན་པོ་ཞིག་ལ་མཐོང་གི་ཡོད། ༡༩༩༨ ལོར་སྐྱབས་བཅོལ་ལ་ཡོང་ནས་བཟུང་སྟེ་ལས་འགུལ་འདི་ལ་མ་ཆད་པར་མཉམ་ཞུགས་བྱེད་ཀྱི་ཡོད། ལྷག་པར་དུ་ཨ་རིར་འབྱོར་ནས་བཟུང་སྟེ་ལས་འགུལ་འདི་ལ་མུ་མཐུད་དུ་ཤུགས་སྣོན་རྒྱབ་པ་ཡིན། ཤུགས་རྒྱབ་པ་ནང་བཞིན་ས་གནས་འདིར་འབྲས་བུ་ཡང་མི་དམན་ཙམ་བྱུང་སོང་། ཨ་རིའི་རྒྱལ་ཁབ་འདི་ནི་དམངས་གཙོ་དང་། དྲང་བདེན། འགྲོ་བ་མི་ཡི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཧ་ཅང་ཚད་མཐོའི་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན། ས་གནས་འདིར་བོད་པ་མི་ཚང་གཅིག་ལས་མ་གཏོགས་མེད་ཁོང་ཚོ་ཉིན་རེའི་ལྟོ་གོས་ཆེད་དུ་ལས་བྲེལ་ཆེ་ཡང་དུས་ཚོད་གང་ཁོམས་ལ་སུམ་བཅུའི་དུས་དྲན་ལ་ཕེབས་ཀྱི་ཡོད། ད་ལོར་ངོས་ཀྱི་ཚ་མོ་བདེ་ཆེན་དང་། མོ་རང་གི་དགའ་རོགས་གཉིས་ནས་ཀྱང་རོགས་རམ་དང་མཐུན་འགྱུར་གནང་སོང་བས་སུམ་བཅུ་དུས་དྲན་དེ་སྔར་ལས་ཚགས་ཚུད་དུ་སོང་། ཉིན་མོ་དེར་ངོས་ཀྱི་ཁྱིམ་མཚེས་keth རླངས་འཁོར་ནང་དུ་བོད་ཀྱི་རྒྱལ་དར་དང་ཨ་རིའི་རྒྱལ་དར་ལྷག་པར་དུ་ukraine རྒྱལ་དར་དང་། སྐད་འབོད་ཀྱི་སྦྱར་བྱང་རྣམས་ཁུར་ནས་དགོང་མོ་ཆུ་ཚོད་གསུམ་དང་ཕྱེད་ཀྱི་སྐབས་སུ་ས་གནས་འདིའི་ཁྲོམ་གཞུང་ལ་སོང་། ཆོས་ཚོགས་ཀྱི་སློབ་མ་དང་། ངོས་ཀྱི་གྲོགས་པོ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་བྱུང་། ས་གནས་འདིར་གཉུག་མར་གཏན་སྡོད་བྱེད་མཁན་ངོས་ཀྱི་གྲོགས་པོ་དངོས་གྲུབ་རྡོ་རྗེ་དང་། ཚ་མོ་བདེ་ཆེན་དང་། བུ་དགའ་འཕེལ་སོགས་ཀྱང་རིམ་གྱིས་སླེབས་སོང་། བོད་རིགས་དང་དབྱིན་ཇི་སོགས་སྡོམ་པས་མི་གྲངས་ཉི་ཤུ་ཁ་ལྷག་ཞིག་འཛོམས་སོང་བས་གཞུང་ལམ་ཟུར་ནས་མི་རེའི་སྦྱར་བྱང་དང་། ཀུན་གྱིས་མཐོང་ན་ཡིད་དུ་འོང་བའི་བོད་ཀྱི་གངས་སེང་རྒྱལ་དར་དང་།ukraine གྱི་རྒྱལ་དར་སོགས་ཀྱང་ནམ་མཁར་ཕྱར་ནས་ངག་ནས་འབོད་ཚིག་ལ། ༼བོད་ལ་རང་དབང་དགོས། ukraine ལ་རང་དབང་དགོས། ང་ཚོ་ཁྱེད་ཚོའི་རྒྱབ་ཏུ་ཡོད། དུས་ནམ་ཡང་སེམས་ཤུགས་མ་ཆགས༽སོགས་སྐད་འབོད་བྱས།
ལམ་གཞུང་གི་རླངས་འཁོར་རྣམས་ཀྱིས་དགའ་རྟགས་ཀྱི་ཅོང་བརྡ་དང་ཙིར་སྒྲ་རྒྱུན་ཆད་མེད་ཅིང་། འགའ་ཤས་ནས་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་Free tibet Free Ukraine ཟེར་ནས་སྐད་འབོད་བྱེད་ཀྱི་འདུག།
ང་རང་ཉིད་ལ་མཚོན་ན་ད་ལྟའི་བོད་ཀྱི་གནས་སྟངས་འདི་ལ་ཧ་ཅང་སེམས་ཚབ་ཆེན་པོ་ཞིག་ཡོང་གི་འདུག། གང་ཡིན་ཟེར་ན། སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་དགུང་ལོའི་བབས་དང་། ཕྱི་སྡོད་སྐྱབས་བཅོལ་བོད་མི་རྣམས་ཀྱི་གནས་སྟངས། རྒྱལ་སྤྱིའི་སྒང་ལ་རྒྱ་ནག་གཞུང་གི་སྟོབས་ཤུགས་སོགས་གང་ལ་དཔྱད་ཀྱང་ཉིན་རེ་བཞིན་སེམས་ཁྲལ་ཇེ་ཆེ་རེད་འདུག། གནས་སྟངས་དེ་འདྲའི་ཞིག་གི་འོག་ནས་ད་རེས་ང་ཚོའིRussia ནས་[Ukraine] བཙན་འཛུལ་བྱས་པ་འདི་ཉིད་ཀྱིས་༡༩༥༩་ལོར་ང་ཚོ་བོད་པ་རྣམས་ལ་རྒྱ་དམར་གྱིས་བཙན་འཛུལ་ཇི་ལྟར་བྱས་པའི་དཔེ་མཚོན་ང་ཚོས་བཤད་མ་དགོས་པར་རང་བཞིན་གྱིས་འགྲེལ་བཤད་རེད་འདུག། ལྷག་པར་དུ་ [Ukraine] སྲིད་འཛིན་གྱི་བློ་ཁོག་དང་། ཆོད་སེམས། མི་མང་གི་སེམས་ཤུགས་དང་། སྙིང་སྟོབས་སོགས་ལ་དཔེ་བླངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུག་འདི་ཉིད་ཀྱིས་ཀྱང་གླེན་པས་ཕ་རོ་མཛུབ་བཙུགས་ཟེར་བའི་དཔེ་ལྟར་རྒྱ་ནག་གཞུང་ལ་རེ་འབོད་ཀྱིས་ངང་སྒུག་བྱས་ནས་བསྡད་པ་ཙམ་མ་ཡིན་པར་བསམ་བློ་གཉིས་པ་ཞིག་གཏོང་བའི་དུས་ལ་སླེབས་འདུག་བསམ།
ད་རེས་འཁྲུགས་བཞིན་པའི་Russia དང་[Ukraine] འདི་ཉིད་ཀྱི་རྒྱུད་རིམ་ཁྲོད་ནས་[Ukraine ]གྱི་རྒྱལ་ཁབ་ནང་དུ་དགྲ་བོས་བཙན་འཛུལ་བྱས་ནས་མི་མང་ས་ཡ་མང་པོ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བ་དང་རྒྱལ་ཁབ་ལ་དཀའ་ངལ་བསམ་གྱིས་མི་ཁྱབ་པ་ཞིག་འཕྲད་བཞིན་པ་ཧ་ཅང་སེམས་ཕམ་དགོས་པ་རེད་དེ་ཕྱོགས་གཞན་དག་ཞིག་ནས་བསམ་བློ་གཏང་ན་ད་རེས་[Ukraine] གྱི་སྲིད་འཛིན་volodymyr zelensky ཁོང་གི་སྙིང་སྟོབས་དང་བློ་ཁོག་མི་མང་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་བསམ་ཡུལ་ལས་འདས་པའི་དགྲ་བོར་རྒོལ་འཛིང་བྱས་པ་དེ་ཉིད་ཀྱིས་བདུན་ཕྲག་གཅིག་ནང་དུ་སྲིད་འཛིན་ལ་འཛམ་གླིང་གི་དགའ་མོས་ཆེ་ཤོས་བྱེད་ཡུལ་ཞིག་ཏུ་གྱུར་པ་མ་ཟད་ལོ་རྗེས་མའི་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཀྱི་གྲངས་སུ་ཚུད་ཡོད་སྐད་འདུག། དེ་ནི་འཐབ་རྩོད་པ་ཞིག་གིས་མགོ་ཁྲིད་བྱེད་སྟངས་མིག་དཔེ་ངོ་མ་ཞིག་རེད་བསམ།
ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་ནས་རང་ཉིད་ཀྱིས་བོད་དོན་གྱི་ལས་འགུལ་གང་ལའང་མཉམ་ཞུགས་བྱེད་རྒྱུ་ཕར་ཞོགས་ལྷག་པར་དུ་རང་རིགས་བླ་གྲྭ་འགའ་ཞིག་ནས་བོད་དོན་ཆེད་དུ་ལས་འགུལ་བྱས་ན་བྱེད་མཁན་དེ་ཉིད་སྲིད་དོན་པ་ཞིག་ལས་ཆོས་པ་མ་ཡིན་པར་དངོས་ཤུགས་རྒྱུད་གསུམ་ནས་བཤད་མཁན་ཡོད་ཀྱང་ངས་ནི་དེ་ལ་དུས་ནམ་ཡང་ཁས་ལེན་བྱེད་ཀྱི་མེད།
ང་ལྟ་བུ་ལ་མཚོན་ན་ནམ་རྒྱུན་དུས་ཚོད་མང་ཤོས་ཁ་འདོན་དགེ་སྦྱོར་ཆོས་བཤད་སོགས་གཞན་ཕན་གྱི་བྱ་བ་ཁོ་ན་ལ་བརྩོན་མཁན་ཞིག་ཡིན། བོད་དོན་ལས་འགུལ་བྱས་པ་ཙམ་གྱིས་ང་ཡི་རྒྱུད་ལ་ཡོད་པའི་རྣམ་དཀར་གྱི་ཡོན་ཏན་ཆ་ཕྲ་མོ་ཙམ་ལའང་ཉམས་དམས་བྱུང་མ་སོང་།
ང་ཚོའི་ད་ལྟའི་བོད་ཀྱི་དཀའ་ངལ་འདི་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་དཀའ་ངལ་མ་ཡིན་པར་༡༩༥༩་ལོར་རྒྱ་དམར་བོད་ལ་བཙན་འཛུལ་བྱས་པ་དེས་ང་ཆོས་ལུགས་ཀྱི་བླ་ཆེན་དང་། ཆོལ་ཁའི་དཔོན་པོ་ག་གེ་མོ་འདི་དང་འདི་འདྲ་ཡིན་ཞེས་བཤད་ས་མ་རྙེད་པར་ཚང་མ་སྲན་ཕུང་དབྱུག་པས་གཏོར་བ་ནང་བཞིན་མི་འདོད་བཞིན་དུ་སོ་སོའི་ཕ་དགོན་དང་། ཡུལ་ལུང་། ནང་མི་རྣམས་དང་ཁ་བྲལ་ནས་ས་མཐར་འཁྱམས་དགོས་བྱུང་ཡོད། མི་ཞིག་གི་མི་ཚེ་འདི་ལ་དཀའ་ངལ་ཆེ་ཤོས་དེ་སོ་སོའི་ལུང་པ་དང་ཁ་བྲལ་ནས་སྐྱབས་བཅོལ་ལ་ཡོང་དགོས་བྱུང་བ་དེ་རེད། རྒྱུ་མཚན་དེ་ལ་བསྟེན་ནས་གནས་སྐབས་ང་ཚོ་འཚོ་གོས་དང་། ཆ་རྐྱེན་སོགས་ཀྱིས་འགྲིག་ཙམ་བྱུང་དུས་སྔོན་གྱི་དཀའ་སྡུག་རྣམས་བརྗེད་ནས་གནས་སྐབས་ངལ་གསོ་ས་ལ་གཉིད་དུ་ཤོར་བ་ཡིན་ན་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། ད་ལྟའི་ང་ཚོའི་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་ཡོད་པའི་སྐབས་སུ་ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་མེད་པར་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཁ་གཏད་ཀྱི་ལང་ཕྱོགས་མ་ནོར་བར་གནས་དགོས་པ་ནི་ཚང་མའི་ཐོག་ཏུ་བབས་པའི་འགན་འཁྲི་ཞིག་ཀྱང་རེད། དེ་དང་མ་ཟད་དེ་རིང་གི་སུམ་བཅུའི་དུས་དྲན་འདི་ནི་ང་ཚོའི་བོད་རིགས་ཡོངས་སུ་རྫོགས་པ་ལ་མུན་ནག་གི་ལོ་དང་། ཕ་ས་དགྲ་ལག་ཏུ་ཤོར་བ། རང་ཡུལ་དང་ཁ་བྲལ་བ་སོགས་ཧ་ཅང་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་དྲན་གསོའི་དུས་ཆེན་ཞིག་ཡིན་སྟབས་ཉིན་མོ་འདིར་སྐྱ་སེར་མཆོག་དམན་དབྱེ་བ་མེད་པར་ཆོལ་གསུམ་ཆིག་སྒྲིལ་ངང་ནས་སྲུང་གཙི་བྱེད་དགོས་པར་སྣང་། ལོ་འགའ་ཡི་ཡར་སྔོན་ནས་ཁོ་བོའི་ཉིན་ཐོ་ཞིག་གི་གཤམ་དུ་འདིར་ལྟར་འབྲི་མྱོང་།


སུམ་བཅུའི་དུས་དྲན་ལ་ཕེབས་ཤོག།

༅༅།། མགོན་སྐྱབས་དཔུང་གཉེན་མེད་པ་གཞིས་ལུས་ཀྱི་སྤུན་ཟླ།། 
ལོ་ཟླའི་ཉིན་མཚན་སྦྲེལ་ཞིང་རེ་ཆེན་གྱི་འཕྲང་ནས།། 
སྡུག་གི་མུན་པའི་ཁྲོད་དུ་ངུ་སྒུག་རང་བྱས་དུས།། 
སེམས་ལ་སོས་མེད་རྨ་ཁ་གསར་པ་ཞིག་བཟོས་སོང་།། 

འགྱུར་མེད་སེམས་ཤུགས་ཡ་ཀིའི་རི་རྒྱལ་ལས་བརྟན་ཅིང་།། 
ལ་རྒྱའི་ཕུག་བསམ་མ་ཀིའི་རྒྱ་མཚོ་ལས་ཟབ་པ།། 
ཤ་རུས་གདུང་བརྒྱུད་གཅིག་པའི་གདོང་དམར་གྱི་བོད་པ།། 
ཆོལ་གསུམ་ཆིག་སྒྲིལ་གྱིས་དང་ཕ་ས་དེ་ཟིན་ཡོང་།། 

དགོས་པའི་ཕ་བསད་དགྲ་ལ་ཡ་ལན་ཞིག་མེད་པར།། 
མི་དགོས་ཕུ་ནུའི་ནང་ལ་མདུང་རྩེ་དེ་མ་བསྟེན།། 
གཞིས་ལུས་བོད་མི་རྣམས་ཀྱི་དཀའ་སྡུག་དེ་བསམ་ན།། 
གལ་ཆེའི་སུམ་བཅུའི་དུས་དྲན་ཉིན་མོ་དེ་མ་བརྗེད།། 

རྒྱ་སྨུག་དར་ཟབ་འོག་གི་བླ་ཆེན་དང་མི་དཔོན།། 
མ་བཞུགས་སུམ་བཅུའི་དུས་དྲན་བསུ་བ་རུ་ཕེབས་ཤོག།། 
ཆོས་ཚོགས་མང་པོའི་བདག་པོ་མཁན་སྤྲུལ་དང་དགེ་བཤེས།། 
ཐེངས་གཅིག་སུམ་བཅུའི་དུས་དྲན་སྲུང་བརྩི་ལ་ཕེབས་ཤོག། 

ཆོལ་གསུམ་ཆིག་སྒྲིལ་ངང་ནས་དུས་དྲན་ལ་ཕེབས་ཤོག།། 
ཆོས་ལུགས་རིས་མེད་ངང་ནས་དུས་དྲན་ལ་ཕེབས་ཤོག།།
དབུ་རང་འཐེན་འཁྱེར་མེད་པར་དུས་དྲན་ལ་ཕེབས་ཤོག།།
སྐྱ་སེར་མཆོག་དམན་མེད་པར་དུས་དྲན་ལ་ཕེབས་ཤོག། །

བོད་མིའི་སྐུ་ཚབ་ཆེད་དུ་དུས་དྲན་ལ་ཕེབས་ཤོག། །
སྐྱབས་བཅོལ་དྲན་གསོའི་ཆེད་དུ་དུས་དྲན་ལ་ཕེབས་ཤོག།། 
རང་དབང་སླར་གསོའི་ཆེད་དུ་དུས་དྲན་ལ་ཕེབས་ཤོག། །
གཞིས་བྱེས་མཉམ་འཛོམས་ཆེད་དུ་དུས་དྲན་ལ་ཕེབས་ཤོག།།


༢༠༡༩ སྤྱི་ཟླ་༣ པའི་ཚེས་༧ ཉིན་མོ་ཀུན་གྱི་འབོད་མིང་མཁན་པོ་ཀར་བསྟན་ནམ་དྲ་མིང་དུ། བདེན་པ་ནས་རང་ཉིད་སྐྱབས་བཅོལ་བའི་མྱོང་ཚོར་དང་བཅས་དབང་མེད་དུ་སྨྱུག་རྩེ་ནས་ཤོར་བའོ། 




No comments:

Post a Comment