Wednesday, January 15, 2020

སྒོམ་གྱི་སྙིང་པོ་ནི་མི་རྟག་པ་ཡིན་པའི་སྐོར་མདོར་བསྡུས།

།སྐྱེ་ཞིང་འཇིག་པའི་ཆོས་ཅན་རྣམས།
།རྟེན་འབྲེལ་ལམ་གྱིས་འདོམས་མཛད་ཅིང་།
།སྟོན་དང་བསྟན་པ་བླ་ན་མེད།
།ཁྱེད་ལ་ཁོ་བོས་སྙིང་ནས་དད།

།དེང་དུས་སྒོམ་ལ་མོས་པ་རྣམས།
།ཡང་དག་སྒོམ་ལ་མོས་པ་རྣམས།
།མི་རྟག་འཇིག་པའི་ཆོས་ཅན་འདི།
།ཡང་ནས་བསམ་ན་ཕན་ཐོག་ཆེ།

།འཁོར་བར་མངོན་ཞེན་ཟློག་པ་དང་། །འཆི་ཁར་འཇིགས་སྐྲག་མེད་པ་དང་།
།དམ་པའི་ཆོས་ལམ་བསྐུལ་མ་བཅས། །འདི་ལས་ལྷག་པའི་སྒོམ་ཞིག་མེད།།

དེ་ཕྱིར་དང་པོའི་ལས་ཅན་ལ། །མི་རྟག་སྒོམ་གྱི་སྙིང་པོ་འདི།
།ལས་བྲེལ་ཆེ་ཡང་ཕན་ཕྱིར་བྲིས། །ཀུན་གྱིས་ཉམས་སུ་ལེན་པར་གཅེས།
སྤྱིར་གཏང་དུས་རབས་ཉེར་གཅིག་པའི་སྐབས་སུ་ཚན་རིག་འཕྲུལ་ཆས་སོགས་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཆེ་བའི་དུས་རབས་འདིར་མི་མང་པོ་ཞིག་ལ་སེམས་ཀྱི་བདེ་སྐྱིད་ཀྱིས་ཕོངས་ནས་བསམ་བློ་གཞན་པ་ཞིག་གཏོང་བའི་དུས་ཚོད་འདིར། མི་མང་པོ་ཞིག་གིས་ནང་ཆོས་ལས་བཤད་པའི་སྒོམ་ལ་དོ་སྣང་བྱེད་ནས་དེང་སང་དྲན་པ་ཉེར་བཞག་གི་སྒོམ་འདི་ནི་རྒྱལ་སྤྱིའི་སེམས་ཁམས་གསོ་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། ནང་པའི་ཆོས་ཀྱི་ནང་ནས་ཀྱང་སྒོམ་བྱེད་དུས་ལུགས་སྲོལ་དང་། ཐབས་ལམ་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད། དཔེར་ན། ཉན་ཐོས་སྡེ་བའི་ལུང་པ་ཐེའུ་ལན་དང་། འབར་མ། ཤྲཱི་ལངྐ་སོགས་ཀྱིས་དྲན་པ་ཉེར་བཞག་དང་། བྱང་ཕྱོགས་སོ་བདུན། འཕགས་ལམ་ཡན་ལག་བརྒྱད། རྟེན་འབྲེལ་བཅུ་གཉིས། བདེན་བཞི་སོགས་སྒོམ་གྱི་ཡོད། རྒྱ་ནག་གི་ཆོས་ལུགས། ཀོའུ་རི་ཡ། ཉི་ཧོང་། ཝེར་ནམ། ཐེའུ་ཝན་དེ་བཞིན་དུ་གཟེན་དང་བསམ་གཏན་པའི་ཆོས་ལུགས་རྣམས་ཀྱིས་ཞི་གནས་ཙམ་པོ་ཅི་ཡང་མི་དྲན་པའི་ཐོག་ཏུ་སེམས་ལྷན་ནེར་གནས་པའི་ཐབས་ཤེས་བྱེད་ཀྱི་ཡོད། ཐེག་ཆེན་དང་ལྷག་པར་གསང་སྔགས་རྡོ་རྗེ་ཐེག་པ་ཉམས་ལེན་གནང་མཁན་བོད་དང་། འབྲུག་པ། སོག་པོ་སོགས་བོད་རྒྱུད་ནང་བསྟན་པའི་རྗེས་འཇུག་རྣམས་ཀྱིས་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་དང་། རྙིང་མས་རྫོགས་པ་ཆེན་པོ། དགེ་ལུགས་ཀྱིས་དབུ་མ་ཆེན་པོ། ས་སྐྱས་གསལ་སྟོང་ཟུང་འཇུག མདོར་ན་ཚང་མས་ཞི་གནས་དང་ལྷག་མཐོང་སོགས་སེམས་དང་སེམས་ལས་འདས་པའི་རིག་པའི་ངོ་བོར་གང་ཤར་མ་བཅོས་པར་འཇོག་ནས་སྒོམ་བྱེད་ཀྱི་ཡོད། དེང་སང་ཕྱི་རྒྱལ་སྒོམ་གསར་བ་རྣམས་ཀྱིས་སྒོམ་བྱེད་ཟེར་དུས་ཅི་ཡང་མི་དྲན་པར་ཚོགས་དྲུག་གི་སྒོ་བཀག་ཙམ་ལུས་དང་། ཚོར་བ་དབུགས་གཏོང་ལེན་སོགས་གང་རུང་ལ་བརྟེན་ནས་དྲན་པ་ཉེ་བར་འཇོག་ཅིང་སེམས་གནས་པའི་ཐབས་དེ་ཉིད་སྒོམ་གྱི་སྙིང་པོར་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་ཀྱང་སྒོམ་གྱི་དགོས་པ་ངོ་མ་དེ་གནས་སྐབས་སེམས་མ་འཁྲུགས་པར་སེམས་ལ་ཞི་བདེར་གནས་པ་དང་། མཐར་ཐུག་སྒོམ་གྱི་ལམ་ནས་རྟོགས་པ་གོང་འཕེལ་དུ་གྱུར་ཅིང་འཁོར་བའི་སྡུག་བསྔལ་འདི་ལས་གྲོལ་ནས་མཐར་སངས་རྒྱས་ཀྱི་གོ་འཕངས་འཐོབ་རྒྱུ་དེ་ཡིན། དེང་སང་སྒོམ་བྱེད་མཁན་མང་པོ་ཞིག་སེམས་ལ་དཀའ་ངལ་ཡོད་པ། དཔེར་ན། སེམས་ཁྲལ་མང་པོའི་དབང་གིས་སྲོག་རླུང་འཕར་བ། གཉིད་མ་ཁུག་པ་སོགས་ཀྱི་རྐྱེན་གྱིས་སེམས་ལ་དཀའ་ངལ་མང་པོ་འཕྲད་ཚར་དུས་གཞི་ནས་སྒོམ་བྱེད་པ་དང་། ནང་ཆོས་ལ་དོ་སྣང་བྱེད་ཅིང་བླ་མ་བཙལ་བ་སོགས་བྱེད་ཀྱི་ཡོད། ཞིབ་ཏུ་བསམ་གཞིག་བྱས་ན་དེ་ནི་ཕྱི་ཚར་བ་རེད། དཔེར་ན་ཁྱེད་རང་གི་གཟུགས་པོར་བསམ་བློ་གཏང་ན། གཟུགས་པོ་ནད་ཀྱིས་ཡུན་རིང་ཟིན་ཚར་བའི་སྐབས་སུ་གཞི་ནས་སྨན་ཁང་ནང་དུ་སོང་ན་དེ་ནི་འཕྱི་ཚར་བ་རེད། དཔེ་དེ་བཞིན་དུ་སེམས་ཀྱང་ཉོན་མོངས་ཀྱི་ནད་ངན་གྱིས་ཡུན་རིང་ཟིན་ཚར་ནས་རྗེས་ནས་སྒོམ་བྱེད་ལ་སོང་ན་ཕྱི་ཚར་བ་རེད། སྒོམ་བྱས་ཀྱང་སྐབས་དེ་དུས་ཀྱི་སེམས་དེའི་སྒོམ་དེ་སྒོམ་ཡང་དག་པའི་ཕྱོགས་སུ་འགྲོ་མི་ཐུབ། དཔེར་ན། ནད་པ་ཟུང་ཟད་ཞིག་རི་མགོ་མཐོན་པོར་འཛེགས་མི་ཐུབ་པ་བཞིན་ནོ། སྒོམ་བྱེད་པའི་དུས་ཡག་ཤོས་ནི་ལོ་ཆུང་། རིག་པ་གསལ། སེམས་ཐང་པོ་ཡིན་པའི་སྐབས་སུ་བྱེད་དགོས། དེ་འདྲ་བྱས་པ་ཡིན་ན་ཁྱེད་རང་རྒན་གོག་གྱུར་པའི་སྐབས་སུ་སེམས་ནད་དང་། ཁེར་རྐྱང་དུ་ལུས་པའི་སྡུག་བསྔལ་སོགས་མང་པོ་ཞིག་ཡོང་མི་ཐུབ། དེ་རིང་ངས་འདིར་སྒོམ་དམིགས་བསལ་བ་ཞིག་བཤད་ཀྱི་ཡིན། དེ་གང་རེད་ཟེར་ན་མི་རྟག་པའི་སྐོར་རེད། གཅིག་བྱས་ན་དེ་རིང་གི་ངས་བཤད་རྒྱུའི་མི་རྟག་པའི་སྐོར་ལ་དགའ་བོ་བྱེད་མཁན་ཡོད་རྒྱུ་མ་རེད་བསམ། གང་ཡིན་ཟེར་ན་མི་རྣམས་ཤི་འདོད་དང་རྒས་འདོད་མེད་པའི་སྟབས་ཀྱིས་རེད། སྐྱེ་རྒ་ན་འཆི་སོགས་མི་རྟག་པར་རང་བཞིན་གྱིས་འགྱུར་བ་འགྲོ་བ་འདི་ནི་ནང་ཆོས་ཀྱི་གཏམ་ཞིག་མ་རེད། དངོས་ཡོད་གནས་ཚུལ་ཚང་མས་མཐོང་བཞིན་པ་འདི་རེད། ང་ཚོ་མ་དགའ་ན་ཡང་དེ་ནི་ངེས་པར་དུ་ཁས་ལེན་བྱེད་དགོས་པ་རེད། ནང་པའི་ཆོས་ཀྱི་སྡོམ་བཞི་ལས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱང་ངན་ལས་འདས་པ་ཞི་བ། ཞེས་པ་འདི་ཡི་ནང་དུ་ནང་པའི་ཆོས་ཀྱི་སྡོམ་ཡོངས་རྫོགས་བསྟན་ཡོད། དེ་ལས་དང་པོ་ཉིད་ནས་སངས་རྒྱས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ཅེས་གསལ་པོར་གསུངས་ཡོད། དེ་དགོས་པ་ཧ་ཅང་ཆེན་པོ་ཡོད། གང་ཡོད་ཅེ་ན། རྟག་པར་འཛིན་པའི་བློ་ངན་འདི་ལྡོག་པའི་ཆེད་དུ་ཡིན། རྟག་འཛིན་འདི་ཡི་དབང་གིས་ཉེས་པ་ཚང་མ་ཡོང་གི་ཡོད། གང་ཟག་ཞིག་གི་རྒྱུད་ལ་ཇི་ལྟར་རྟག་འཛིན་གྱི་བློ་ཤུགས་ཆེ་བ་དེ་ཙམ་གྱིས་ལོ་དང་ཟླ་བ་ཞགས་མ་སོགས་མ་འོངས་པའི་གྲ་སྒྲིག་བྱེད་ཀྱི་ཡོད། མ་འོངས་པར་འཁོར་བའི་ཕྱོགས་ལ་ཇི་ཙམ་རྟག་འཛིན་བྱས་པ་དེ་ཙམ་གྱིས་སེམས་ལ་འདོད་རྔམ་དང་། འགྲན་སེམས། ཕྲག་དོག། འདོད་ཆགས་སོགས་རིམ་བཞིན་ཡོང་གི་ཡོད། ། དེ་འདྲའི་སེམས་ཡོད་མཁན་ཞིག་ཡིན་ན་རང་གི་སེམས་དེ་ཉོན་མོངས་ཀྱི་དབང་དུ་ཤོར་ཚར་བ་ཡིན། ཉོན་མོངས་ཀྱི་སེམས་ནི་མེ་དང་འདྲ་བས་རང་གི་རྒྱུད་ཀྱི་དགེ་སེམས་དད་པ་དང་སྙིང་རྗེ་སོགས་སྐད་ཅིག་ཉིད་ལ་བསྲེག་པར་བྱེད་དོ། དཔེར་ན། མི་ཚང་ཡ་རབས་གཉོམ་ཆུང་ཞིག་གི་ནང་དུ་ཕ་མ་བཟང་པོ་ཕྲུ་གུ་བཟང་པོ་ཚང་མ་ཡ་རབས་ཤ་སྟག་ཡིན་ཀྱང་། ཕ་རྒན་ནས་མ་ཤེས་པའི་དབང་གིས་མི་ངན་མ་རབས་ཞིག་གི་ནང་དུ་སོང་ཞིང་རིམ་གྱིས་དེ་དང་གྲོགས་པོར་གྱུར། དེ་ནས་བཟུང་སྟེ་གྲོགས་པོ་ངན་པ་དེས་ཁོ་རང་འདྲ་བའི་གྲོགས་ཇག་པ་དང་རྐུན་མ་སོགས་མང་པོ་ཁྲིད་ནས་ཁྱིམ་ཚང་ཡ་རབས་ཅན་ནང་དུ་མི་འདོད་བཞིན་དུ་བཙན་འཛུལ་བྱས་ནས་ཁྱིམ་བདག་ཀྱི་ཕ་མ་རྣམས་བྲན་གཡོག་ཏུ་བཀོལ་བ་དང་། ཕྲུ་གུ་རྣམས་ལ་ཉིན་ལྟར་བརྙས་བཅོས་དང་ཐུབ་ཚོད་སོགས་བྱས་ནས་སྔར་གྱི་ཡ་རབས་ཅན་གྱི་ཁྱིམ་ཚང་དེ་རྗེས་མར་མ་རབས་ཅན་གྱི་ཇག་ཚང་ཞིག་ཏུ་གྱུར་པ་ལྟར་རེད། ཕ་རྒན་ནི། འོད་གསལ་བའི་ཡེ་ཤེས་སོ། གྲོགས་པོ་ངན་པ་ནི་མ་རིག་པའོ། དེའི་ནང་དུ་སོང་བ་ནི་ལམ་ནོར་བའོ། གྲོགས་པོར་གྱུར་པ་ནི་རང་གི་གཤིས་འགྱུར་བའོ། ཇག་རྐུན་རྣམས་ནི་ཉོན་མོངས་རྣམས་སོ། ཁྱིམ་ཚང་ཡ་རབས་ཅན་ནི། བྱམས་པ་དང་། སྙིང་རྗེ། བཟོད་པ། ཆོག་ཤེས། སྦྱིན་གཏོང་སོགས་དགེ་བའོ། བྲན་གཡོག་ཏུ་བཀོལ་བ་ནི། མ་རིག་པ་གཙོས་ཉོན་མོངས་རྣམས་ཀྱི་དབང་དུ་བསྒྱུར་བའོ། སྤྱིར་གཏང་མི་རྟག་པ་དང་སྡུག་བསྔལ་བ་འདི་སངས་རྒྱས་ཀྱིས་ནང་ཆོས་ནང་དུ་སྔར་མེད་གསར་གཏོད་མཛད་ནས་གསུངས་པ་ཞིག་མ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་གང་ཡོད་པ་དེ་སངས་རྒྱས་ཀྱིས་གསུངས་པ་རེད། གང་དངོས་ཡོད་གནས་ཚུལ་ཡོངས་གྲགས་ཞིག་ཡིན་ན་དེ་ནི་ཆོས་ལུགས་དང་མི་རིགས་སུ་ཡིན་ཀྱང་ཁས་ལེན་དགོས་པ་རེད། ནང་ཆོས་ཀྱི་གཞུང་ལས་ཀྱང་། བསྒྲུབ་བྱེད་ཀྱི་ཚད་མ་ལ་གསུམ་ཡོད། ལུང་། རིག་པ། མངོན་སུམ་གསུམ་ཡིན། དེ་གསུམ་ལས་ཀྱང་མངོན་སུམ་འདི་ཧ་ཅང་གཙོ་ཆེ། མངོན་སུམ་དང་འགལ་བའི་མཁས་པ་ཡིན་ན་དེ་ནི་ཡང་དག་པའི་མཁས་པ་དེ་མིན་ཅེས་གསུངས་ཡོད། དེ་འདྲ་ཡིན་ཙང་མངོན་སུམ་འདི་ཧ་ཅང་གལ་ཆེན་པོ་ཡིན། གང་ལྟར་ཀྱང་མི་རྟག་པ་སྒོམ་པ་འདི་ལ་ཕན་ཡོན་ཧ་ཅང་མང་པོ་ཡོད་ཀྱང་མདོར་བསྡུས་ནས་གསུམ་དུ་འདུས་སོ། དང་པོ། མི་རྟག་པ་སྒོམ་ན་ཚེ་འདིར་རྟག་འཛིན་གྱི་ཞེན་པ་ལྡོག་ཅིང་རང་རྒྱུད་ལ་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ་བ། གཉིས་པ། མི་རྟག་པ་སྒོམ་པ་ན་འཆི་བའི་སྐབས་སུ་འཇིགས་སྐྲག་དང་སྡུག་བསྔལ་མེད་པར་ཞི་བའི་ངང་འཆི་ཐུབ་པ། གསུམ་པ། མི་རྟག་སྒོམ་ན་ཆོས་ལ་དགེ་བའི་སྐུལ་མ་ཡག་ཤོས་དེ་ཡིན་པའོ། དང་པོ་ནི། ཚེ་འདིར་རྟག་འཛིན་གྱི་བློ་ངན་པ་དེ་ལས་ལྡོག་ཅིང་དེ་ལ་བརྟེན་ནས་ཆགས་སྡང་གི་བློ་ཤུགས་ཆུང་དུ་འགྲོ རྗེ་ཙོང་ཁ་པའི་ཞལ་ནས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོངས་མེད་པ། །ཡིད་ལ་གོམས་པས་ཚེ་འདིས་སྣང་ཤས་ལྡོག། །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག། ཅེས་གསུངས་སོ། ཇི་ཙམ་ཆགས་སྡང་གི་བློ་ཉུང་ན་དེ་ཙམ་གྱིས་སེམས་ལ་ཞི་བདེ་ཡོད་པ་བཅས་རེད། གང་ལྟར་ཀྱང་རྟག་འཛིན་གྱི་བློ་ངན་འདིས་དབང་གིས་ཉོན་མོངས་ཚང་མ་ཡོང་གི་ཡོད། རྟག་འཛིན་འདི་ཉིད་ཀྱིས་དང་པོ་རང་ཉིད་རྟག་པར་འཛིན་པ་བདེན་གྲུབ་ཏུ་འཛིན་ནས་རང་གི་ཕྱོགས་ལ་ཆགས་པ་དང་། དེ་དང་མཉམ་དུ་གཞན་རང་ལས་ཐ་དད་དུ་གྱུར་པ་རྣམས་ལ་སྡང་བའི་བློ་འབྱུང་ཞིང་མཐར་ཉོན་མོངས་ཕྲ་རགས་མང་པོ་ཞིག་གིས་རང་ཉིད་བདག་ཏུ་བཟུང་ཚར་བ་ཡིན། དེ་ནས་བཟུང་སྟེ་ཁྱོད་རང་ཉོན་མོངས་དེ་ཀྱི་བྲན་གཡོག་ཏུ་གྱུར་ཚར་བ་ཡིན། ཇི་སྲིད་ཉོན་མོངས་དེའི་དབང་དུ་གྱུར་པ་དེ་སྲིད་དུ་ཁྱོད་རང་ལ་བདེ་བ་མེད། མདོར་ན་དེ་གང་ལས་བྱུང་བ་ཡིན་ན་རྟག་པར་འཛིན་པའི་བློ་ངན་འདི་ཡི་དབང་གིས་བྱུང་བ་ཡིན། མི་ཞིག་གིས་དུས་རྒྱུན་དུ་མི་རྟག་པ་བསམ་བློ་གཏང་བ་ཡིན་ན་གང་ཟག་དེ་ཉིད་ཀྱི་རྒྱུད་ལ་ཉོན་མོངས་དུག་གསུམ་ཤུགས་ཆུང་བ་ཡོད། དཔེར་ན། མི་ཞིག་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ལས་ཀ་ཚབ་ཆེན་ཞིག་བྱས་ཡོད་ན། ཁྲིམས་ཁང་ནས་ཐག་བཅད་ནས་ཁྱོད་རང་ཟླ་བ་གསུམ་ཐོག་བསད་རྒྱུ་ཡིན་ཟེར་ནས་ཁྱབ་བསྒྲག་བྱས་པ་ན། མི་དེས་དང་པོ་བསམ་བློ་ག་རེ་འཁོར་གྱི་རེད། སྔོན་མ་མི་དེ་ཧ་ཅང་ཞེ་སྡང་ཆེན་པོ་ཅན་ཞིག་ཡིན་ཀྱང་སྐབས་དེ་དུས་མི་དེར་བསམ་བློ་གཉིས་པ་ཞིག་འཁོར་གི་རེད། གང་ཡིན་ཟེར་ན་ཁོ་རང་གི་ཚེ་ལྷག་མ་ཟླ་བ་གསུམ་ལས་མ་གཏོགས་མེད་དུས་ཟླ་བ་གསུམ་གྱི་རིང་ལ་གཞན་ལ་གནོད་སེམས་སོགས་ཉོན་མོངས་རྣམས་རང་ཤུགས་ཀྱིས་འགག་འགྲོ་གི་རེད། ཟླ་བ་གསུམ་གྱི་རིང་མི་དེ་སྔར་དང་མ་འདྲ་བ་མི་བཟང་པོ་ཞིག་ལ་འགྱུར་བ་འགྲོ་གི་རེད། དེ་ག་གང་གིས་བྱས་པ་རེད་ཅེ་ན། མི་རྟག་པ་དངོས་སུ་རྒྱུད་ལ་སྐྱེ་བ་རེད། མི་རྟག་པ་དེ་ནི་རྟག་འཛིན་གྱི་གཉེན་པོར་མངོན་དུ་གྱུར་པ་རེད། རྟག་འཛིན་གྱི་བློ་མེད་ན་ངས་ལོ་རྗེས་མ་འདི་བྱེད། ཟླ་བ་རྗེས་མ་འདི་བྱེད། སང་ཉིན་འདི་བྱེད་བསམ་པའི་ཉོན་མོངས་ཀྱི་བློ་ངན་ཚང་མ་བཅོམ་ཚར་བ་རེད། ཉོན་མོངས་ཀྱི་བློ་ངན་མེད་ན། གནས་སྐབས་ལོ་ཟླ་ག་ཚད་གནས་རུང་དེའི་རིང་ལ་སེམས་ཀྱི་ཞི་བདེ་ཡོད་པ་རེད། མཐར་ཐུག་ཉོན་མོངས་མེད་ན། ལས་ངན་བསགས་ཀྱི་མ་རེད། ལས་ངན་མ་བསགས་ན་སྐྱེ་བ་རྗེས་མར་ལུས་རྟེན་བཟང་པོ་འཐོབ་ཀྱི་རེད། ང་ཚོ་ལ་དགོས་པ་ངོ་མ་དེ་ཚེ་འདི་ལ་སེམས་ཀྱི་བདེ་སྐྱིད་ཡོད་པ་ཞིག་དང་། ཚེ་ཕྱི་མར་ལུས་རྟེན་བཟང་ཐོབ་པ་དེ་རེད། རྟག་འཛིན་ལས་བྲལ་ན་དེ་གཉིས་ཡོང་གི་ཡོད་པ་རེདགཉིས་པ་ནི། མི་རྟག་པ་ནི་འཇིགས་སྐྲག་མེད་པར་ཞི་བདེའི་ངང་ནས་འཆི་བ་ལ་གྲ་སྒྲིག་ངོ་མ་དེ་ཡིན། ང་རང་ཚོ་མཐོ་དམན་དྲག་ཞན་སུ་ཡིན་ཀྱང་འཆི་བ་ལ་གཡོལ་ས་མེད། ཚང་མ་འཆི་བའི་ལམ་འདི་ལས་འགྲོ་དགོས། སངས་རྒྱས་ཀྱི་ཆོས་གཞུང་ལས། འཆི་བ་ནི་མ་ཡི་མངལ་ནས་སྐྱེས་ཙམ་ཉིད་ནས་རང་བཞིན་གྱིས་གྲུབ་ཡོད། དཔེར་ན། ལུས་དང་གྲིབ་མ་བཞིན་མཉམ་དུ་ཡོད་པ་རེད། ཅེས་གསུངས་ཡོད། ནམ་འཆི་ངེས་མེད་རེད། འཆི་རྐྱེན་ངེས་མེད་རེད། འཆི་བའི་དུས་སུ་དམ་པའི་ཆོས་ལས་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པ་རེད། དེ་ལ་ད་ལྟ་ནས་འཆི་བའི་ཕྱོགས་ལ་བསམ་བློ་གཏང་བ་ཡིན་ན་ནམ་ཞིག་བློ་བུར་དུ་འཆི་བ་བཙན་ཐབས་སུ་སླེབས་པའི་སྐབས་སུ་འཆི་ཁ་ཞེད་དངངས་དང་། འཇིགས་སྐྲག་ཉུང་དུ་འགྲོ་བ་རེད། རྗེ་མི་ལ་རས་པའི་ཞལ་ནས་ཀྱང་། །ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། འཆི་མེད་གཉུག་མའི་བཙན་ས་ཟིན། །ད་ང་འཆི་བའི་འཇིགས་པ་དེ་བོར་ནས་ཐལ། །ཞེས་གསུངས་སོ། བོད་ཀྱི་བླ་མ་ནི་ནམ་རྒྱུན་དགོན་པའི་ནང་དུ་བཞུགས་ནས་སྒོམ་བྱེད་མཁན་གཅིག་པུ་མ་ཡིན་པར་མི་འཆི་བའི་སྔས་མགོར་འཕོ་བ་དང་བསྔོ་སྨོན་སོགས་བྱེད་ལ་གདན་ཞུས་བྱེད་ཀྱི་ཡོད། ལྷག་པར་དུ་ངོས་ཀྱི་རྩ་བའི་བླ་མ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་མཛད་རིམ་ལས་བྲེལ་ཆེས་ཆེ་ཤོས་ནི་མི་འཆི་བའི་སྔས་མགོར་འཕོ་བ་གནང་ནས་ས་གནས་མང་པོར་ཕེབས་རྒྱུ་དེ་རེད། ང་ཡང་མི་འཆི་བའི་སྔས་མགོར་དང་། སྨན་ཁང་སོགས་སུ་ཧ་ཅང་མང་པོ་འགྲོ་མྱོང་ཡོད། ནད་པར་ཆོས་ཉམས་ལེན་ཡོད་མེད་ཀྱི་ཁྱད་པར་སྐབས་དེ་དུས་ཧ་གོ་གི་འདུག། དཔེར་ན། ཆོས་པ་ཡང་དག་པ་ཞིག་ཡིན་ན་འཆི་བ་མི་རྟགས་པ་སྔོན་ནས་གྲ་སྒྲིག་ཡོད་པ་ཡིན་དུས་འཇིགས་སྐྲག་གང་ཡང་མེད་པར་སེམས་ཞི་བདེའི་ངང་ནས་འཆི་གི་འདུག། དམ་པའི་ཆོས་དང་ལྷག་པར་མི་རྟག་པའི་སྐོར་ལ་བསམ་བློ་ཅུང་གཏང་མྱོང་ཡོད་མཁན་ཡིན་ན་དེ་ཙམ་དངངས་སྐྲག་སྐྱེ་གི་མི་འདུག། ཆོས་དང་ལྷག་པར་དུ་མི་རྟག་པར་བསམ་བློ་གཏན་ནས་གཏོང་མྱོང་མེད་མཁན་ཡིན་ན་འཆི་ཁར་གནར་སྤྱོད་ཀྱི་སྡུག་བསྔལ་ཡུན་རིང་མྱོང་ཞིང་འཆི་མ་ཐུབ་པར་ཞེད་དངངས་དང་འཇིགས་སྐྲག་བྱེད་པ་མ་ཟད་ངག་ནས་ཀྱང་ང་འཆི་གི་མིན། ང་འཆི་མ་བཅུག་སོགས་ཟེར་ནས་ཉེ་འཁོར་གྱི་མི་རྣམས་ཀྱང་སྐྲག་དགོས་པ་དེ་འདྲ་བྱེད་ནས་འཆི་གི་འདུག། གང་ལྟར་ཀྱང་ནང་པ་ཡིན་པ་དང་མ་ཡིན་པར་འཆི་བ་ལ་ཧ་ཅང་ཁྱད་པར་འདུག། བོད་པ་དང་དབྱིན་ཇི་གཉིས་ལའང་ཁྱད་པར་འདུག། དེ་རྣམས་འདས་པའི་ལོ་མང་པོར་ལུང་པ་མ་འདྲ་བར་སོང་ནས་ང་ཡི་མིག་གིས་མངོན་སུམ་མཐོང་བའི་ཚད་མའི་ཉམས་མྱོང་ཡིན། གསུམ་པ་ནི། འཆི་བ་མི་རྟག་པ་ནི་ཆོས་ལ་སྐུལ་མ་ཡག་ཤོས་དེ་རེད། ངས་སྒྲུང་ཐུང་བཤད་འདོད་བྱུང་། དུས་རབས་བཅུ་པའི་སྐབས་སུ་བོད་གཙང་སྟོད་ཀྱི་ཕྱོགས་སུ་བཀའ་གདམས་པའི་དགེ་བཤེས་ཐོས་བསམ་སྒོམ་གསུམ་གནང་མཁན་ཧ་ཅང་མང་པོ་བྱུང་ཡོད། དེའི་ཁྲོད་ནས་ས་གནས་དེར་(ཁ་རག་སྒོམ་ཆུང་) ཟེར་བའི་མི་ཚེ་དེར་མཚམས་ཁོ་ན་བསྡད་མཁན་ཞིག་ཡོད། ཁོང་གི་ཉམས་ལེན་གཙོ་བོ་དེ་མི་རྟག་པ་སྒོམ་གནང་གི་ཡོད། ཁ་རག་ཟེར་བའི་ལུང་པའི་ཕུ་དེར་བྲག་ཕུག་ཞིག་ཡོད་པ་དེའི་ནང་དུ་བཞུགས་ཀྱི་ཡོད། གསང་སྤྱོད་ལ་ཕེབས་པའི་སྐབས་སུ་ཕུག་པའི་ཕྱི་ལོགས་སུ་འགྲོ་དགོས་ཡོད། ཕུག་པའི་སྒོ་འགྲམ་དུ་ཚེར་ཤིང་གི་སྡོང་པོ་ཞིག་སྐྱེས་ཡོད། ཁོང་ག་དུས་ཕྱི་ལོགས་སུ་ཕེབས་ཅིང་ཡར་ནང་ལོགས་སུ་འཛུལ་བའི་སྐབས་སུ་ཁོང་གི་ན་བཟའ་གཟན་སྣེ་མོ་དེ་ཚེར་ཕུང་དེར་འཐོགས་ཀྱི་ཡོད། སྐབས་དེ་དུས་ཁོང་ནས། ཚེར་ཕུང་ག་དུས་ཡིན་ནའང་ཡར་འགྲོ་མར་འགྲོའི་སྐབས་སུ་དཀའ་ངལ་སྤྲད་ཀྱི་འདུག་ད་རེས་ཤིང་དེ་བཅད་བསམ་གྱི་ཡོད། བསམ་བློ་སྐད་ཅིག་གཉིས་པར་ངས་ཤིང་བཅོད་བཞིན་པའི་སྐབས་སུ་ང་ཤི་ན་ཇི་ལྟར་བྱེད་དེ་བས་དུས་ཚོད་ཆུད་ཟོས་མེད་པར་ཆོས་བྱས་ན་དགའ་བསམ་ནས་ཤིང་བཅད་ལོངས་མ་བྱུང་བར་ལོ་སུམ་བཅུ་སོ་བདུན་བར་བྲག་ཕུག་དེའི་ནང་དུ་མཚམས་ལ་བཞུགས་ཡོད། མི་རྟག་པ་སྒོམ་པའི་གཙོ་བོ་ནི་ཆོས་ལ་བསྐུལ་མ་དེ་ཡིན། དེ་མ་ཡིན་པར་ང་ཤི་གི་རེད་བསམ་པའི་འཇིགས་སྐྲག་དང་སྡུག་བསྔལ་བྱས་པ་ཙམ་གྱིས་མི་རྟག་པའི་དགོས་དོན་ངོ་མ་དེ་མ་རྟོགས་པ་རེད། མི་ཚང་མ་འཆི་འདོད་མེད་པ་ཐག་ཆོད་པ་རེད། མི་འཆི་བའི་ཐབས་ཤེས་ཡོད་མ་རེད། མཐར་ཐུག་མི་འཆི་འདུག་ས་མེད་དུས་འཆི་བའི་སྐབས་སུ་འཇིགས་སྐྲག་ཉུང་བའི་ཐབས་ཤེས་དང་། ཚེ་ཕྱི་མར་ཕན་པའི་ཐབས་ཤེས་སྒྲུབ་དགོས་རེད། དེ་ནི་དམ་པའི་ཆོས་གཅིག་པུ་འདི་ཉིད་རེད། འཆི་བའི་སྐབས་སུ་སེམས་འདི་ནི་ད་ལྟའི་སེམས་ལས་བརྒྱ་འགྱུར་གྱིས་རིག་པ་གསལ་བ་རེད། སྐབས་དེ་དུས་དགེ་སྡིག་གང་བྱས་ཀྱང་ཧ་ཅང་ནུས་པ་ཆེན་པོར་འགྱུར་འགྲོ་བ་རེད། འཆི་བའི་སྐབས་སུ་གང་ལའང་ཞེན་ཆགས་མེད་པར་གལ་ཆེན་པོ་རེད། རང་གི་ནང་མི་ལ་ཆགས་པ་དང་། ལོངས་སྤྱོད་དང་། ནོར་རྫས། ཁང་ཁྱིམ་གང་ལའང་མ་ཆགས་པ་བྱེད་དགོས་རེད། གལ་སྲིད་ཆགས་ན་ཡི་དྭགས་དང་འདྲེ་སྲིན་གྱི་ལུས་ངན་ལེན་པ་དང་། བར་དོར་ཡུན་རིང་སྡུག་བསྔལ་མྱོང་བ་སོགས་ཡོང་གི་རེད། ཚེ་ཕྱི་མ་ཁས་ལེན་བྱེད་མཁན་ཡིན་ན་ཕྱི་མར་ཕན་ཐབས་གང་འདུག་བསམ་བློ་གཏོང་དགོས་པ་རེད། དེ་ནི་ཕྱོགས་གང་ལ་བསམ་བློ་གཏང་ཡང་དམ་པའི་ཆོས་འདི་བས་ལྷག་པ་ཞིག་ཡོད་མ་རེད། དགེ་བཤེས་པོ་ཏོ་བའི་ཞལ་ནས། ཆོས་གཅིག་བྱས་ན་མི་རྟག་པ་སྒོམ་པ་འདི་གལ་ཆེ། མི་རྟག་པ་འདི་སྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་བརྩོན་འགྲུས་ཀྱིས་བསྐུལ་བའི་ལྕག་བྱེད། ཐ་མ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་གྲོགས་བྱེད། ཡང་མི་རྟག་པ་འདི་སྒོམ་ན། དང་པོ་ཚེ་འདི་ལ་ཞེན་པ་ལྡོག་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་གྲོགས་བྱེད། ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་ས་བཅད་ལས། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་སོགས་མི་རྟག་པ་འདི་དམིགས་བསལ་གྱིས་ཞིབ་ཁྲིད་མང་དུ་གསུངས་འདུག་ཀྱང་ཡི་གེ་མང་དུ་དོགས་ནས་དེ་རིང་ཚང་མ་འདིར་འགོད་ཀྱི་མིན། སྤྱིར་གཏང་རྩ་བ་གསུམ་ནི། དང་པོ་ངེས་པར་འཆི་བ་བསམ་པ། དེ་ནས་ནམ་འཆི་ཆ་མེད་བསམ་པ། མཐར་འཆི་བའི་སྐབས་སུ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་བསམ་པ་སོགས་ལ་ནམ་རྒྱུན་བསམ་བློ་ཐེངས་རེ་གཉིས་ཅམ་གཏོང་ཐུབ་ན་ལོ་གྲངས་མང་པོར་འཆི་སེམས་ཡིད་ལ་མ་དྲན་པའི་སེམས་རྟག་འཛིན་གདོན་འདྲེའི་རླམ་པའི་་ཞིང་ས་སྐམ་པོ་འདིར་མི་རྟག་པའི་སྒོམ་གྱི་ཆར་རྒྱུན་གྱིས་རླན་ན་རིང་མིན་ཆགས་སྡང་གཉིས་འཛིན་གྱི་ལྕགས་སྒྲོག་ལས་གྲོལ་ནས་དམ་ཆོས་རང་དབང་གི་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བ་ནི་གདོན་མི་གཟའོ།
།མཇུག་བསྡུ་བ་ནི།
།ལུས་འདི་མི་རྟག་ཆུ་ནང་སྦུ་བ་འདྲ། །ངག་འདི་མི་རྟག་བྲག་ཅའི་སྒྲ་སྐད་འདྲ།
།སེམས་འདི་མི་རྟག་ཆུ་ཡི་རྦ་རླབ་འདྲ། བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ།

།མི་རྟག་པ་ལ་རྟག་པར་འཛིན་པའི་བློ། །ངན་གོམས་བག་ཆགས་འདི་ཡི་དབང་གྱུར་ནས།
།མཐའ་མེད་འཁོར་བར་འཁྱམས་པའི་མ་རྒན་རྣམས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།

།འཆི་ལ་ཕར་ཕར་ཉེ་ཡང་གཞོན་དུ་རློམ། །སང་ཉིན་གསོན་པའི་གདེངས་དང་མི་ལྡན་ཀྱང་།
།ལོ་བརྒྱའི་གྲབ་གཤོམ་བདག་འདྲའི་སེམས་ཅན་རྣམས། །ལམ་གོལ་གཡང་སར་འཁྱམས་རྣམས་སྙིང་རེ་རྗེ།

།ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་དང་། །ཅིས་ཀྱང་ངེས་པར་འཆི་བ་ལ་སོགས་པའི།
།ཕུང་བྱེད་རྟག་འཛིན་མུན་པ་ལས་གྲོལ་ནས། །དམ་ཆོས་ཉི་མའི་འོད་ཀྱིས་འཚོ་བར་ཤོག།

དེ་སྔོན་ཁོ་བོས་བྲིས་པའི་(ནང་ཆོས་ཀྱི་སྙིང་པོ་བདེན་བཞི་དང་། རྟེན་འབྲེལ་བཅུ་གཉིས་མཆོག་གསུམ་སོགས་ཀྱི་འགྲེལ་བཤད། )ཞེས་པ་ཞིག་བྲིས་པ་དེ་ཉིད་ངོས་ཀྱི་ཆོས་གྲོགས་མཁན་པོ་དང་དགེ་བཤེས་མཁས་དབང་འགའ་ལ་སྤྱན་གཟིགས་སུ་ཕུལ་བས་ཚང་མས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ལེགས་གསོའི་བསྔགས་བརྗོད་དང་ཆབས་ཅིག་འབྱུང་འགྱུར་ངེས་པར་གོང་གི་ཆོས་ཁྲིད་དེའི་ཁ་སྣོན་གྱི་ཆེད་དུ་མི་རྟག་པའི་སྐོར་མདོར་བསྡུས་ཤིག་འབྲི་ཐུབ་ན་ཧ་ཅང་དགེ་མཚན་ཆེ་ཚུལ་སོགས་ཡང་ཡང་བསྐུལ་མ་ལ་བརྟེན་ནས་བདག་འདྲའི་རྟག་འཛིན་གྱི་ཁོལ་པོར་གྱུར་པའི་སློབ་བུ་གསར་པ་རྣམས་ལ་ཕན་དུ་རེ་ནས་ལུང་འདྲེན་དང་མཁས་ཚིག་སོགས་ཀྱིས་མ་བཅིངས་པ་ཕལ་སྐད་ཡིག་རིགས་གཞན་རྣམས་སུ་བསྒྱུར་བདེ་བའི་ཆེད་དུ་གུས་པ་འཇམ་དབྱངས་ཆོས་འཁོར་གླིང་མཁན་པོའི་མིང་འཛིན་དོན་དུ་རྟག་འཛིན་གྱི་གཞན་དབང་དུ་གྱུར་པ་མཁན་པོ་ཀར་བསྟན་དེས་2019 12 23 ཉིན་མཇུག་ཡོངས་སུ་གྲུབ་པའི་དགེ་བས་ལོ་གྲངས་མང་པོར་མི་འཆི་སེམས་པའི་རྟག་འཛིན་གྱི་ལྕག་ཐག་འདི་ཉིད་ལ་ད་ལྟ་ཉིད་དུ་འཆི་ངེས་བསམ་པའི་ཤེས་རབ་ཀྱི་རལ་གྲིས་དུམ་བུར་བཏུབས་ནས་སེམས་ཅན་ཐམས་ཅད་འཆི་མེད་གཉུག་མའི་བཙན་ས་མྱུར་དུ་ཟིན་པར་གྱུར་ཅིག། 
སརྦ་མངྒ་ལམ། བཀྲ་ཤིས་བདེ་ལེགས། 




No comments:

Post a Comment