Sunday, June 16, 2019

ཙི་ཙི་བདེ་ཆེན་ཞིང་དུ་འཕངས་པའི་ཉིན་མོ།

ཙི་ཙི་བདེ་ཆེན་ཞིང་དུ་འཕངས་པའི་ཉིན་མོ།
དེ་རིང་ཞོགས་པ་འཆར་ཅན་ལྟར་སྔ་བོར་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས། ཆུ་ཚོད་བརྒྱད་པའི་སྐབས་སུ་ཉེ་ཆར་སྐུ་མགྲོན་དུ་ཕེབས་པའི་ཆོས་གྲོགས་དགེ་བཤེས་ངག་དབང་ལགས་དང་ལྷན་དུ་ཞོགས་ཟས་ལ་མཉམ་དུ་རོལ་བཞིན་འདས་སོང་གི་ལོ་ཟླ་རྣམས་གླེང་མོལ་དང་། མ་འོངས་པར་འདི་བྱ་འདི་བྱེད་སོགས་སྟོང་བསམ་གྱི་མཚར་གཏམ་དང་སྦྲག་དྲན་ཚད་གྲྭ་རྒྱག་གི་ཁ་དང་། རྟ་རྒྱག་གི་རྐུབ་ཞེས་པའི་དཔེ་ལྟར་སྐད་ཅོར་གྱིས་ཐབ་ཚང་འུར་སྒྲས་བཀང་།
ཉིན་རྒྱབ་དད་ལྡན་མ་ཨ་མ་སུས་སིན་ནས་ཉིན་གུང་གསོལ་ཚིགས་ཀྱི་སྦྱིན་བདག་གནང་སོང་བས་ཉེ་འཁྲིས་སུ་ཡོད་པའི་ལྷན་ཐེའུ་ལན་ཌི་ཟ་ཁང་ཞིག་ནང་དུ་སོང་ནས་ར་མ་ཚྭ་ཆུ་དང་འཕྲད་པ་ནང་བཞིན་ཆོས་གྲོགས་དགེ་བཤེས་ལགས་དང་ལྷན་ཟ་མ་འགྲང་ཚད་ཟོས། ཉིན་ཟས་ཚར་མ་ཐག་ཀུན་གྱིས་ཡིད་སྨོན་དབང་མེད་དུ་ཤོར་སའི་ཞི་བདེ་རྒྱ་མཚོའི་འགྲམ་དུ་ཁྱུག་ཙམ་འཁྱམས་ཉུལ་བྱས་པས་ཧ་ཅང་སྐྱིད་པོ་བྱུང་། ནང་དུ་འབྱོར་བའི་སྐབས་སུ་ཟུར་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་གྲོགས་པོ་དངོས་གྲུབ་རྡོ་རྗེ་ལགས་རེད་འདུག།
ཁོང་ནི་ས་གནས་འདིར་བོད་རིགས་མི་ཚང་གཅིག་པུ་ཡོད་པ་དེ་ཡིན།
ཁོང་ནས་འདི་ལྟར་ཟེར། མཁན་པོ་ནང་དུ་བཞུགས་ཨི་ཡོད། དེ་རིང་ང་ཡི་ཕ་མ་གཉིས་བལ་ཡུལ་ནས་འབྱོར་ཡོད་པས་ངེད་ནང་མི་རྣམས་ཆོས་ཚོགས་སུ་ཁྱུག་ཙམ་ཡོང་གི་ཡིན་ཟེར།  ངས་ཀྱང་བྱོན་པ་ལེགས་པའི་དང་ལེན་བྱས། སྐར་མ་བཅུ་ཙམ་རྗེས་ནས་གྲོགས་དངོས་གྲུབ་རྡོ་རྗེའི་ནང་མི་རྣམས་ཆོས་ཚོགས་སུ་ཕེབས། བོད་ལུགས་ཀྱི་ཁམས་ཟས། བོད་ཇ། ཤ། མར། ཐུད་སོགས་ཀྱི་མདུན་ཅོག་བཀང་རྒྱུའི་ཆ་རྐྱེན་མེད་ཀྱང་། འོ་ཇ་ཞིམ་པོ་ཞིག་གི་སྣེ་ལེན་བྱས། ཁ་བརྡ་ཅུང་ཙམ་རྗེས་ཕེབས་རྫོངས་སུ་སྒོ་ཁར་མཉམ་དུ་སོང་། ཡར་ནང་དུ་འཛུལ་ཞོར་ཆོས་ཚོགས་ཀྱི་མེ་ཏོག་ལྡུམ་རར་བལྟ་ཙམ་བྱས། སྟབས་མ་ལེགས་པ་ཞིག་ལ་ཟུར་དུ་ཙི་ཙི་ཞིག་གན་རྐྱལ་དུ་འགྲེ་ལྡོག་བྱེད་བཞིན་པ་མཐོང་།
འགྲམ་དུ་བཅར་ནས་ཞིབ་བལྟ་བྱས་དུས། ཉམ་ཆུང་ཙི་ཙི་ཞིག་ཟུག་གཟེར་གྱིས་འཕར་ལྡིང་བྱེད་བཞིན་པ་མཐོང་དུས་སྙིང་ནས་ཚ་ཤར་རྒྱབས། ངོས་ཀྱི་ཆོས་གྲོགས་དགེ་བཤེས་ངག་དབང་ལགས་ལ་སྐད་ཅོར་ཆེན་པོས་ཐེངས་འགས་བོས། དགེ་བཤེས་ནི་ལམ་སང་སླེབས་སོང་། ངེད་གཉིས་ནས་ཙི་ཙི་ནད་ལ་པ་དེ་ལག་རས་འཇམ་པོ་ཞིག་གི་སྟེང་དུ་བཞག། ཙི་ཙི་ལ་ཅི་ཞིག་མ་འགྲིག་པ་གཟུགས་པོར་བརྟག་དཔྱད་བྱེད་གྲབ་བྱས་ཀྱང་། ངོས་ཀྱི་ལག་པ་དེ་ཆེ་དྲགས། ཙི་ཙི་དེ་ཆུང་དྲགས་པས་གང་འདྲ་བྱས་ཀྱང་སྟབས་བདེ་གཏན་ནས་མ་བྱུང་། ཚོད་དཔག་བྱས་ན་བྲོད་ཁོག་ནང་དུ་ཟུག་ཆེན་པོ་ཞིག་མིན་ནམ་བསམ་པ་བྱུང་། གང་ལྟར་ཀྱང་ང་ནི་ཙི་ཙི་ཆུང་ཆུང་དེས་ཟུག་གཟེར་གྱི་དབང་གིས་རྐང་ལག་ཡོབ་ཡོབ་བྱེད་ཅིང་། སྐབས་རེ་ཁ་གདངས་བ་དང་། མིག་གཅེར་བ་སོགས་མཐོང་དུས་མིག་ཆུ་རྡོག་མ་འགའ་རང་དབང་མེད་པ་ཤོར་སོང་། དགེ་བཤེས་ལགས་ངེད་གཉིས་ནས་མགོ་རུབ་རུབ་ཀྱིས་ཙི་ཙིའི་རྣ་བར་ཁ་གཏད་ནས་སྨན་གཟུངས་དང་། སངས་རྒྱས་ཀྱི་མཚན་སྔགས་སོགས་གང་ཤེས་བཏོན། ཁོ་རང་ལ་ཕན་ཐོག་མིན་ནི་ལྐོག་གྱུར་ཡིན་ཀྱང་། བཏོན་ཚར་རྗེས་ང་རང་ངོ་མ་བློ་བདེ་བོ་བྱུང་། གང་ཡིན་ཟེར་ན་ངས་གཞན་ལ་ཕན་ཐོག་པའི་ལས་ཀ་ནི་ཆོས་ཕྱོགས་ཀྱི་ལས་ཀ་འདི་གཅིག་པུ་ཡིན།
དེ་ནས་དགེ་བཤེས་ལགས་ངེད་གཉིས་ཀྱིས་ཤོག་སྒམ་ཞིག་ནང་དུ། ཉལ་གདན། སྔས་མགོ་སོགས་ཙི་ཙི་ལ་ཁོ་རང་གི་གཟུགས་པོ་དང་འཚམས་པའི་ཚང་ཞིག་བཅས། ཟུར་དུ་རྩ་བའི་བླ་མ་རྣམས་དང་སངས་རྒྱས་ཀྱི་སྐུ་པར་བཅས་ཀྱིས་མཆོད་གཤམས་ཆུང་ཆུང་ཞིག་ཀྱང་བཟོས་ནས་ཆོས་ཚོགས་ནང་དུ་མགོ་བོ་མཆོད་གཤམས་ལ་གཏད་ཅིང་ཟུར་དུ་བདེ་ཆེན་སྨོན་ལམ་འོད་སྡེར་འཁོར་ཐག་ཞིག་གཏང་ནས་བཞག་པས་ཙི་ཙི་ནི་འགུལ་འཁྱུགས་དེ་ཙམ་མེད་པར་ལྷོད་མེ་རེ་ཆགས་སོང་། ཕྱི་ཉིན་ཞོགས་པ་མར་ནས་ལངས་མ་ཐག་ཙི་ཙི་ལྟ་ལ་སོང་དུས་དབུགས་ཆད་ཚར་འདུག། ངས་ཚེ་གང་བཏོན་པའི་གནམ་ཆོས་འོད་ཆོག་ཉིད་དལ་བུས་ཚར་གཅིག་བཏོན་ནས་མཇུག་ཏུ་གནམ་ཆོས་འཕོ་ལུང་བསྡུས་པ།
ཨེ་མ་ཧོ།
ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དངཿ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབཿ
ཚེ་འདས་རྩེ་གཅིག་ཡིད་ཀྱིས་གསོལ་འདེབས་ནཿ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབསཿ ཕཊཿ
དམིགས་པ་རྩེ་གཅིག་ཏུ་གཏད་བཞིན་ཚར་གསུམ་བཏོན། ཕཊ་ཤར་གྱི་འུར་སྒྲས་ཆོས་ཚོགས་བཀང་ནས་ཙི་ཙིའི་རྣམ་ཤེས་བདེ་ཆེན་ཞིང་དུ་འཕངས། ཧ་ཧ་ཧ། ཙི་ཙིའི་པར་ངོ་དེབ་ནང་དུ་གཏང་བས་མང་པོ་ཞིག་ནས་གདུངས་སེམས་མཉམ་བསྐྱེད་དང་བསྔོ་སྨོན་ཀྱང་གནང་འདུག། ཉིན་གསུམ་རིང་ཆོས་ཚོགས་སུ་ཉར་ནས་སང་ཉིན་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ཡིན་པས་བསོད་ནམས་ཅན་གྱི་ཙི་ཙི་འདི་དགེ་བཤེས་ལགས་ངེད་གཉིས་ནས་ཆོས་ཚོགས་ཀྱི་མེ་ཏོག་ལྡུམ་རའི་ནང་དུ་ཡོད་པའི་སྟོན་པའི་སྐུ་དྲུང་དུ་ཙི་ཙིའི་ཕུང་པོ་དུར་འཇུག་བྱེད་ཀྱི་ཡིན།
ཙི་ཙི་འདི་ཡི་མིང་དུ་ཀརྨ་བཟང་པོ་བཏགས། སྐྱེ་བ་རྗེས་མར་ངོས་ཀྱི་ཁྱིམ་འཚེས་དང་སློབ་མ་ཞིག་དུ་ལུས་ལེན་པའི་སྨོན་ལམ་སོགས་གང་དྲག་བྱས། སྐབས་དེ་དུས་ཀྱང་ཆོས་མིང་ཀརྨ་བཟང་པོ་འདོགས་རྒྱུའི་དམ་བཅའ་བྱས།
དེ་རིང་གི་ཉིན་ཐོ་དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།

No comments:

Post a Comment