Friday, January 2, 2015

ལོ་གསར་མཚམས་ལ་བསྡད་པ།


མཚམས་ལ་འདུག་སའི་ཁོར་ཡུག
ངོས་ཀྱི་ཆོས་ཚོགས་ནས་སྔ་ནས་གྲ་སྒྲིག་བྱས་ཟིན་པ་ལྟར་དེ་རིང་ནས་བཟུང་སྟེ་ཉིན་གསུམ་ལོ་གསར་སྐབས་སུ་མཚམས་ལ་འདུག་རྒྱུ་དེ་ཡིན། ན་ནིང་ནས་བཟུང་སྟེ་ངོས་ཀྱི་དགེ་ཕྲུག་རྣམས་དང་ལྷན་ལོ་གསར་སྐབས་སུ་མཚམས་ལ་འདུག་གི་ཡོད། མི་རྣམས་ཀྱི་ངག་རྒྱུན་ལ་happy new year! ལོ་གསར་ཞེས་པ་འདི་ནི་ཚང་མས་སྐྱིད་པོའི་ལོ་མགོ་བཟུང་ཞིང་། སྡུག་གི་ལོ་མཇུག་བསྡུ་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ངོས་ལ་མཚོན་ན་སྐྱིད་སྡུག་གང་ཡིན་པ་དེ་ཉིད་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར་རྒྱུ་རྐྱེན་ཚང་བའི་དགེ་སྡིག་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དེ་ལྟར་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ད་རེས་གསར་ལོ་ཚུལ་འཆར་ཤར་མ་ཐག་ཏུ་དོན་མེད་སྡིག་ལས་ཀྱིས་བསུས་ན་ལོ་འདིའི་ཅི་བྱས་མི་དགེ་བར་འགྱུར་བ་དང་། རྟེན་འབྲེལ་གྱི་དབང་གིས་རང་ཉིད་གང་དུ་སོང་ཡང་བཀྲ་མ་ཤིས་པར་ཡོང་བས་དེ་ལས་ཀྱང་ཆོས་ཀྱི་མུག་གེས་མནར་བའི་ལུང་པ་འདིར་དམ་ཆོས་ཀྱི་བདུད་རྩིའི་བགོ་བཤའ་རེ་བྱས་ན་རང་གཞན་གཉིས་ཀར་དགེ་མཚན་ཆེ་བས་རྒྱུ་མཚན་དེར་བརྟེན་ད་རེས་ལོ་གསར་སྐབས་སུ་ཕྱོགས་ཡོངས་ནས་ཕེབས་པའི་ངོས་ཀྱི་དགེ་ཕྲུག་རྣམས་དང་ཆོས་གྲོགས་ཕོ་མོ་ཡོངས་ལ་ཉིན་གསུམ་རིང་བདེ་ཆེན་ཞིང་སྒྲུབ་དང་། རྫོགས་ཆེན་ཚིགས་གསུམ་གནད་བརྡེགས་ཀྱི་ཆོས་ཁྲིད་བྱེད་འཆར་ཡོད། མཚམས་ལ་འདུག་ས་ནི་ངོས་ཀྱི་ཆོས་ཚོགས་ནས་ཐག་ཉེར་ཡོད་པའི་ཡེ་ཤུའི་ཨ་ནེའི་དགོན་པ་ཞིག་ནང་དུ་ཡིན། དགོན་པ་འདིའི་ཁོར་ཡུགས་ནི་ཡངས་ཤིང་རྒྱ་ཆེ་ལ། དགོན་པའི་ཁང་ཐོག་ནས་མར་བལྟས་ན་སྐད་གྲགས་ཅན་ཀྱི་ཁལ་མེར་རྒྱ་མཚོ་ཉིད་ཀྱང་སྔོ་ཡོམ་ཡོམ་མིག་ལམ་དུ་མཐོང་ཐུབ། དེ་རིང་མཚམས་ལ་འདུག་མཁན་མགོ་སེར་ནག་ཕལ་ཆེར་མི་གྲངས་བཞི་བཅུ་མ་ཟིན་ཙམ་ཡོད་སྐད་འདུག དེ་ནི་མི་འབོར་ཉུང་ཞིང་གྲོང་པ་ཆུང་ཆུང་འདི་ལ་ལྟོས་ན་མི་གྲངས་མང་པོ་ཡིན། དོ་ནུབ་དགོང་ཟས་ཚར་མ་ཐག་མཚམས་ཀྱི་ཕན་ཡོན་དང་ཆོས་བཤད་མདོར་བསྡུས་གྲུབ་པར་བྱེད་ནས་སང་ཉིན་མཚམས་ཀྱི་དངོས་བཞིའི་སྐབས་སུ་ཞོགས་པ་བདེ་ཆེན་ཞིང་སྒྲུབ་ཚར་གཅིག་དང་ཆོས་ཐུན་རྗེས་མར་ཚིགས་གསུམ་གནད་བརྡེགས་ངོ་སྤྲོད་སོགས་བྱེད་རྒྱུ་ཡིན།  

No comments:

Post a Comment