Pages

Tuesday, July 14, 2026

མེ་ཡིས་ཟོས་པའི་བོད་པའི་དཔའ་བོ་ཞིག།

འདི་ལོའི་སྤྱི་ཟླ་གསུམ་པའི་ནང་རྒྱ་ནག་དམར་པོའི་གཞུང་ནས་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག།”ཞེས་པའི་གཡོ་སྒྱུའི་ཚིག་སྙན་པོ་དེ་བེད་སྤྱོད་བཏང་ནས་རྩ་ཁྲིམས་གསར་པ་བཟོས་ཤིང་མ་འོངས་པར་བོད་སྐད་རྒྱ་སྐད་དང་། བོད་རིགས་རྒྱ་རིགས་ལ་བསྒྱུར་རྒྱུའི་སྲིད་ཇུས་ངན་པ་བཅང་ནས་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་རྒྱ་ནག་ནས་སྲིད་ཇུས་འདི་དངོས་སུ་ལག་སྟར་བྱེད་འགོ་ཚུགས་ཡོད། བོད་ཕྱི་ལོགས་སུ་བཞུགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུག་གཙོར་བྱས་འཛམ་གླིང་གང་སར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་དེ་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་ཡོད།
ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་གཏན་བཞུགས་གནང་མཁན་བོད་རིགས་འཐབ་རྩོད་པ་རང་ལོ་ལྔ་བཅུ་ང་གཉིས་ཅན་བློ་དགའ་རང་བཙན་ལགས་ནས་ལས་འགུལ་དེ་གོ་སྐབས་སུ་བཟུང་ཞིང་སྔ་ནས་གྲ་སྒྲིག་འཐུས་ཚང་བྱས་པ་ལྟར་སྤྱི་ལོ་༢༠༢༦ སྤྱི་ཟླ་༧་པའི་ཚེས་༢་ཉིན་རྒྱབ་ཆུ་ཚོད་ལྔ་དང་སྐར་མ་བཞི་བཅུ་ཞེ་དགུའི་ཐོག་རང་གི་ལག་འཛིན་ཁ་པར་ནང་ནས་ངོ་དེབ་ཐད་གཏོང་ཐོག་ནས་ལག་ཏུ་བོད་ཀྱི་གངས་སེང་གི་རྒྱལ་དར་བཟུང་། ལུས་ལ་བོད་ཆས་གཙང་མ་གྱོན་ནས་ལག་ཏུ་མེ་ཆ་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཆེད་དུ་བྲིས་པའི་བདེན་དཔང་ཤོག་ཆག་ཞིག་བཟུང་ནས་འཇིགས་ཞུམ་དང་ཡ་ང་བག་ཚ་གང་ཡང་མེད་པའི་ཐོག་ནས་དལ་བུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གོམས་པ་འགའ་ཤས་ཤིག་གི་རྗེས་སུ་ལག་གཡས་པར་བཟུང་བའི་བོད་ཀྱི་རྒྱལ་དར་དེ་དལ་བུས་ཟུར་དུ་སྒྲེང་འཛུགས་བྱས་ཞིང་ལག་གཡོན་དུ་བཟུང་བའི་ངོ་རྒོལ་གྱི་ཤོག་ཆག་དེ་ནམ་མཁར་སྟོར་ནས་དལ་བུས་རུམ་ནས་མེ་ཆ་དེ་བླངས་ནས་གཟུགས་པོར་མེ་སྦར་ནས་སྐར་ཆ་གཅིག་ཙམ་ལས་མེད་པར་དཔའ་བོ་རང་བཙན་བློ་དགའི་སྐུ་གཟུགས་ཡོངས་སུ་མེ་དཔུང་གིས་དམར་འུར་འུར་གྱིས་ཁེངས་སོང་། བློ་དགའ་ནི་ཅི་འདྲའི་བློ་ཁོག་དང་སྙིང་སྟོབས་ཆེན་པོ་ཅན་ཞིག་རེད། མེ་ཡིས་ལུས་ཡོངས་རྫོགས་དྲག་ཏུ་འཚིགས་བཞིན་པའི་སྐབས་སུ་གཟུགས་པོར་འཕག་འཚག་དང་མཆོང་སྡིང་བྱེད་རྒྱུ་ཕར་ཞོག་མེ་ཡི་དབུས་སུ་ནག་ཐོམ་མེར་ལུས་འགུལ་བསྐྱོད་ཙམ་ཡང་མེད་པར་འགྲེང་བཞིན་འདུག ཆེས་དྲག་ཏུ་འབར་བཞིན་པའི་མེ་ཡིས་སྐར་ཆ་བཞི་བཅུ་ཙམ་ལས་མ་འགོར་བར་ཁོང་གི་ཚོ་ལ་ལྗིད་པའི་སྐུ་ལུས་ཡོངས་རྫོགས་མེ་ཡིས་ཟོས་ནས་མཐར་མེ་དང་མཉམ་དུ་འཚིག་བཞིན་པའི་ཕུང་པོ་དེ་ཉིད་ག་ལེར་ཕྱག་འཚལ་བའི་ཚུལ་གྱིས་པུས་མོ་གཉིས་ས་ལ་བཙུག་ནས་ཐང་དུ་འགྱེལ་སྟངས་ལ་དཔྱད་ན་ཁོང་ནས་གཟུགས་པོ་ཡོངས་རྫོགས་ལ་རླངས་འཁོར་གྱི་སྣུམ་མང་པོ་ཞིག་བླུགས་ཡོད་པ་མ་ཟད་ཁོག་པའི་ནང་དུའང་འཐུང་ཡོད་པ་ཚོད་དཔག་བྱེད་ཐུབ། ད་དུང་དེ་དང་མ་ཟད་མེ་ཡིས་འཚིག་བཞིན་པའི་སྐབས་སུ་གཡོ་འགུལ་དང་དང་མཆོང་སྡིང་སོགས་གང་ཡང་མེད་པར་མེ་དཔུང་དམར་པོའི་དབུས་སུ་ནག་ཀྲོང་ངེར་འགྱིང་བཞིན་པ་དེ་ནི་ཁོང་གིས་ཆུང་དུས་ནས་ནང་ཆོས་དང་ཐེག་ཆེན་གྱི་ཆོས་ལ་སློབ་སྦྱོང་མི་ལོ་བཅུ་གསུམ་ཙམ་བྱས་ཤིང་འཆི་བ་ལ་གཏན་ནས་མི་འཇིགས་པ་མ་ཟད་དགའ་བཞིན་དུ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་ཐུགས་རྒྱུད་ལ་མི་རྟག་པ་དང་སྡུག་བསྔལ་ལམ་ཁྱེར་སོགས་ནང་ཆོས་ཀྱི་མཁར་རྫོང་བཙན་པོ་རྩིག་ནས་འཆི་བ་ལ་གཏན་ནས་མི་འཇིགས་པའི་སྔ་ནས་གྲ་སྒྲིག་བྱས་ཟིན་ཡོད་པ་འདྲ། ནང་ཆོས་ཀྱི་ཉམས་ལེན་ཡོད་མེད་སྲང་དུ་འདེགས་ས་ནི་འཆི་བའི་སྐབས་སུ་ཡིན། བོད་ཀྱི་གཏམ་དཔེར། དཔའ་ཡོད་མེད་འཛིང་ན་ཤེས། ཆོས་ཡོད་མེད་འཆི་དུས་ཤེས། ཞེས་པ་ལྟར་རེད།
གང་ལྟར་ཀྱང་ད་རེས་ཁྱེད་བོད་མི་ས་ཡ་བདུན་གྱི་ནང་ནས་གཅིག་མེད་སོང་བ་དེ་ནི་ངེད་གྲངས་ཉུང་མི་རིགས་ཤིག་ལ་ལྟོས་ན་ཧ་ཅང་གྱོང་ཆེན་པོ་ཞིག་རེད།
དེ་བས་གྱོང་ཆེ་བ་ཞིག་ནི་བློ་དགའ་རང་བཙན་ནི་བོད་རང་བཙན་གཙང་མ་ཁོ་ནའི་ཆེད་དུ་འཐབ་རྩོད་བྱེད་མཁན་ཞིག་པའི་ཆ་ནས་གསོན་པའི་དུས་སུ་བསམ་རྒྱུ་ལ་བོད་ལ་རང་དབང་ཐོབ་རྒྱུ་དང་། ལས་རྒྱུ་ལ་བོད་དོན་ཁོ་ན་ལས་མེད་པའི་བོད་རིགས་མི་བུ་དཀྱུས་མ་བརྒྱ་ཕྲག་ལས་ཀྱང་དགའ་བ་དཔའ་རྒོད་ཁྱོད་ད་རེས་ང་ཚོ་དང་ཁ་གཏན་བྲལ་དུ་གྱུར་པ་ནི་ཧ་ཅང་གྱོང་གུད་ཆེ། འོན་ཀྱང་སྐྱེས་པའི་ཐ་མ་ནི་འཆི་དགོས་པ་ཆོས་ཉིད་ཡིན་སྟབས་ད་རེས་ཁྱེད་ནས་ཨ་རིའི་སྟོབས་ཆེན་རྒྱལ་ཁབ་ཉིའུ་ཡོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འགྲམ་དུ་ཁ་གཏད་ནས་གཅེས་པའི་སྲོད་དམར་ལ་མེ་སྦར་ནས་གསོན་བསྲེག་བྱས་པ་དེས་གང་ཞིག་མཚོན་ཡོད་ཅེ་ན། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་སྲིད་འཛིན་རྣམས་ལ་མགོ་ནང་དུ་ཀླད་པ་ཡོད། བྲང་ཁོག་ནང་དུ་སྙིང་དམར་ཡོད་ན། ང་ཚོ་བོད་པ་རྣམས་ཀྱི་དྲང་བདེན་གྱི་རྒྱབ་ལ་ལང་རོགས། ཉམ་ཆུང་གི་རྒྱབ་ལ་ལང་རོགས། བདེན་པའི་རྒྱབ་ཏུ་ལང་རོགས་ཞེས་པའི་བརྡ་ལན་ཞིག་རེད་བསམ། དེ་ནི་བོད་ཀྱི་གཏམ་དཔེར། རི་བོང་གླག་གིས་ཁུར་ན། འབོད་ས་གནམ་སྔོན་པོའི་དཔེ་ལྟར། ད་རེས་རྒྱ་ནག་དམར་པོས་གཞུང་གིས་ཉམ་ཆུང་བོད་རིགས་བཙན་བཟུང་ནས་མི་ལོ་བདུན་བཅུ་ཡར་ལྷག་ཕྱིན་ཀྱང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གི་སྟོབས་དང་དབང་ཤུགས་སོགས་ཀྱི་གནོད་ཤུགས་ལ་བརྟེན་ནས་བོད་དོན་སྐོར་ཟུར་ཙམ་ཡང་གླེང་མྱོང་མེད་སྟབས་ད་རེས་བློ་དགའ་རང་བཙན་འུས་ཐུག་ཐབས་ཟད་ནས་ཁོང་གི་གཅེས་པའི་གཟུགས་པོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མེ་བསྲེག་བཏང་བ་རེད་བསམ།
བློ་དགའ་རང་བཙན་ལགས། ད་རེས་ཁྱེད་ནས་ཤིན་ཏུ་གཅེས་པའི་ཚེ་སྲོག་དེ་བོད་མི་རིགས་ཀྱི་ཆེད་དུ་སྐར་ཆ་ཁ་ཤས་ནང་མེ་རུ་སྦར་ནས་ཁྱེད་ཀྱི་སྟོད་གོས་མེས་ཚིག་རོ་ཞིག་ལས་གང་ཡང་མེད་པར་ཁྱེད་གཅིག་པུ་ཁེ་རྐྱང་དུ་བུད་འགྲོ་བ་དེ་ལ་བསམ་ན་སེམས་ནང་ནས་བསམ་མི་ཕོད་པ་དང་། ངག་ནས་སྨྲ་མི་ནུས་པའི་བློས་བཏང་ཞིག་རེད།
ཡ་ཉི་མ་དེ་རིང་ནས་བཟུང་སྟེ་ངེད་ཤུལ་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཁྱེད་ཀྱི་ཞལ་ཆེམས་གནང་བ་ལྟར་བོད་རང་དབང་རང་བཙན་ཆེད་དུ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ང་ཚོ་ལ་རང་དབང་རང་བཙན་གཙང་མའི་བདེན་མཐའ་མ་གསལ་བར་དུ་དུས་ནམ་ཡང་ང་ཚོས་འཐབ་རྩོད་འདི་བློས་གཏོང་གི་མིན། གནས་སྐབས་ཁྱེད་ཀྱི་རྣམ་ཤེས་ཐུགས་བློ་བདེ་བོ་གནང་རོགས། ང་ཚོའི་དུས་ནམ་ཡང་ཁྱེད་ཀྱི་རེ་བ་དེ་ཆུད་ཟོས་སུ་གཏོང་མི་ཡོང་། ཁྱེད་ཀྱང་ད་ལྟའི་ཁྱེད་ཀྱི་སེམས་ཤུགས་ལ་རྒྱ་སྤོབས་པ་སོགས་མ་ཉམས་པའི་ཐོག་ནས་བོད་རང་དབང་སླར་གསོའི་ཆེད་དུ་གང་མགྱོགས་བོད་ཀྱི་ལུས་སུ་སྐྱེ་བ་བཞེས་ནས་སྐབས་དེ་དུས་ཁྱེད་བོད་ཀྱི་སྲིད་དབང་གི་བདག་པོར་མངའ་གསོལ་ནས་རང་བཙན་མྱུར་དུ་ཐོབ་ནས་བོད་གངས་ཅན་གྱི་ལྗོངས་སུ་བདེ་སྐྱིད་དཔལ་ཡོན་ང་ཚོ་ཚང་མས་མཉམ་དུ་ལོངས་སྤྱོད་ཐུབ་པའི་སྨོན་ལམ་ཡོད།
ལར་ནི་སྤྱི་ལོ་༡༩༥༩་ལོར་བོད་ས་ཡོངས་སུ་རྫོགས་པ་རྒྱ་ནག་དམར་པོའི་གཞུང་གིས་དབང་བསྒྱུར་བྱས་ཡོད་ཀྱང་བོད་མི་རྣམས་ཀྱི་སེམས་ཁམས་ད་དུང་དབང་བསྒྱུར་བྱེད་ཐུབ་མེད།
འདས་པའི་མི་ལོ་དྲུག་བཅུ་རེ་བདུན་གྱི་ནང་རྒྱ་ནག་དམར་པོའི་གཞུང་ནས་སྲིད་ཇུས་འཇམ་རྩུབ་ཐབས་ལམ་སྣ་ཚོགས་རྒྱུད་ནས་བོད་རིགས་ཡོངས་སུ་རྫོགས་པའི་བསམ་བློ་རྒྱ་ནག་གི་དམར་ཤོག་ཚོགས་པའི་སྲིད་འཛིན་རྣམས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ཕྱོགས་སུ་བློ་འགུག་ཐབས་རྣམ་པ་འདྲ་མིན་ཐབས་སྣ་ཚོགས་པར་བྱས་ཡོད་ཀྱང་གཞིས་བྱེས་གཉིས་ཀྱི་བོད་རིགས་རྣམས་ཀྱི་བསམ་བློ་དེ་ད་དུང་ཡང་རྒྱ་གར་རྡ་རམ་ཤཱ་ཕྱོགས་སུ་ཤོར་འགྲོ་གི་ཡོད།
རྒྱ་ནག་དམར་པོའི་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་དུ་བཟོ་བའི་ཐབས་ཤེས་ཡོད་དགུ་སྣ་ཚོགས་བྱས་ཡོད་ཀྱང་།
དེང་སང་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་གི་སྤྱི་གཅེས་ནོར་དུ་གྱུར་ནས་ནང་ཆོས་དང་བོད་ཀྱི་རིག་གཞུང་ལ་དགའ་མོས་བྱེད་མཁན་ཉིན་རེ་བཞིན་དུ་ཇེ་མང་དུ་འགྲོ་བཞིན་པ་རེད།
རྒྱ་ནག་དམར་པོའི་གཞུང་ནས་བོད་པ་རྣམས་ལ་མགོ་སྐོར་དང་། རྫུན། གཡོ་སྒྱུ་སྣ་ཚོགས་ཀྱིས་བོད་ཡུལ་རྒྱ་ཡུལ་དང་། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་བའི་ཐབས་ཤེས་སྣ་ཚོགས་ཇི་ལྟར་བྱས་ཀྱང་བདེན་པ་ནི་དུས་ནམ་ཡང་ཕམ་མི་སྲིད་པས་དུས་རབས་ཉེར་གཅིག་པའི་རིག་ནུས་ཚན་རྩལ་གྱི་དུས་རབས་འདིར་འཛམ་གླིང་མི་མང་ཡོངས་ཀྱིས་བདེན་རྫུན་ཇི་བཞིན་དུ་ཤེས་ནས་ད་ལྟ་རྒྱ་ནག་དམར་པོའི་གཞུང་གི་རྫུན་རྐུབ་རྡོལ་ཅིང་ངོ་ཚ་ཁ་སྐྱེངས་བྱེད་དགོས་པ་བྱུང་ཡོད། འོན་ཀྱང་ད་དུང་རྒྱ་དམར་ཤོག་འགོ་གཙོ་འགའ་ཤས་ཀྱི་སོ་སོའི་སྲིད་དབང་དང་གོ་གནས་ཁོ་ན་ལ་ཤི་འཇུ་རོ་འཐམ་གྱིས་གཡང་ནས་ཟག་པའི་མི་ཡིས་ཤིང་གི་ཡལ་ག་ལ་འཇུས་པ་ལྟར་འུ་ཐུག་ཐབས་ཟད་ཀྱིས་མུ་མཐུད་ནས་བོད་རིགས་རྣམས་ལ་རྒྱ་རིགས་སུ་བསྒྱུར་བའི་ཐབས་ཤེས་ཡོད་དགུ་སྣ་ཚོགས་བྱེད་བཞིན་ཡོད་ཀྱང་རིང་པོར་མི་ཐོག་པར་ང་ཚོར་བདེ་སྐྱིད་རངདབང་གི་ཉི་མ་མྱུར་དུ་འཆར་ཐུབ་པའི་གདེངས་ཚོད་དང་ཡིད་ཆེས་གཏན་པོ་ཡོད།
ངས་བློ་དགའ་རང་བཙན་ཇི་ལྟར་ངོ་ཤེས་ཞེ་ན། ལོ་འགའ་ཤས་ཀྱི་གོང་དུ་ང་ཡི་ནང་མི་རྣམས་ལ་ཐུག་འཕྲད་དུ་ཉིའུ་ཡོག་ཏུ་བསྐྱོད་སྐབས་སུ་སྤྱི་ལོ་༡༩༩༨་ལོར་རི་བོ་ཧི་མ་ལ་ཡའི་རྒྱུད་ནས་རྐང་ཐང་དུ་བོད་ནས་རྒྱ་གར་ལ་མཉམ་དུ་ཡོང་བའི་ལམ་རོགས་གཅིག་པ་ཁམས་པའི་མི་ཚང་ཞིག་གི་ནང་དུ་ང་ཉིན་གུང་ཞལ་ལག་ཞིག་ལ་མགྲོན་འབོད་བྱས་སྐབས་དེ་དུས་བློ་དགའ་རང་བཙན་ལགས་མི་ཚང་དེར་བསྡད་འདུག་སྟབས་ངོ་ཤེས་དང་པོ་བྱུང་། ནམ་རྒྱུན་ཁ་གསང་ཞིང་ཆོག་ཤེས་ཆེ་བ། སེམས་སྐྱིད་པོ་ཅན་དང་མ་ཟད་ཁ་མཚར་དང་རྩེད་མོ་ཞབས་བྲོ་སོགས་ལ་ཧ་ཅང་དགའ་མཁན་ཞིག་རེད་འདུག ལར་ནི་ཉིའུ་ཡོག་ལ་ཡོད་པའི་བོད་རིགས་ཤིག་ཡིན་ནས་བཟུང་སྟེ་བློ་དགའ་རང་བཙན་མི་ཤེས་མཁན་ཕལ་ཆེར་མེད། གང་ཡིན་ཞེ་ན། ནམ་རྒྱུན་བོད་པའི་སྤྱི་ཚོགས་ཁྲོད་དུ་བོད་དོན་དུ་ལས་འགུལ་གང་འདྲ་ཞིག་སྤེལ་ཀྱང་ཁོང་ནི་ག་དུས་ཡིན་ཀྱང་དེར་ཡོད།

བློ་དགའ་རང་བཙན་ལགས།
ཁྱེད་ནི་ང་ཚོ་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་པ་རྣམས་ཀྱི་འཐབ་རྩོད་ཀྱི་མིག་དཔེ་བྱེད་འོས་པའི་དཔའ་བོ་ངོ་མ་དེ་ཡིན།།
ཁྱེད་ནི་གསོན་པའི་སྐབས་སུ་མི་གཞི་བཟང་ཞིང་ཀུན་ལ་འཆམ་མཐུན་དུ་གནས་པའི་བོད་རིགས་ཡོངས་ཀྱི་མིག་དཔེ་བྱེད་འོས་པའི་མི་བཟང་དེ་ཡིན།།
ཁྱེད་ནི་ཕེབས་ཟིན་པའི་ཤུལ་དུ་འཛམ་གླིང་ཡོམ་ཡོམ་དུ་སྒུལ་ཐུབ་མཁན་གྱི་སྟོབས་ཆེན་གྱི་དཔའ་བོར་གྱུར་ནས་མི་ཁྲི་ཚོ་མང་པོས་ཁྱེད་ལ་སྨོན་ལམ་བྱེད་བཞིན་ཡོད།།
ཁྱེད་ནི་བོད་མི་རྣམས་འཐབ་རྩོད་ཀྱི་གཉིད་ལས་སློང་མཁན་གྱི་མེས་པོ་སྲོང་བཙན་སྒམ་པོ་བསམ་བཞིན་དུ་ཕེབས་པའི་ངར་སྐད་ཀྱི་འབྲུག་སྒྲ་ངོ་མ་དེ་ཡིན།།
ཁྱེད་ནི་ཁ་བཤད་ཙམ་མ་ཡིན་པའི་དོན་ངོ་མར་བོད་མི་རིགས་ལ་དུང་ཞེན་དང་བརྩེ་བ་ཡོད་མཁན་ཁམས་པའི་ཕོ་རྒོད་ངོ་མ་དེ་ཡིན།།
བོད་རྒྱལ་ལོ།། རང་བཙན་རྒྱལ་ལོ།། བློ་དགའ་རང་བཙན་རྒྱལ་ལོ།།


མེ་དཔུང་ལ་ཐིམ་པའི་དཔའ་བོ་རྗེས་སུ་དྲན་པ།

གངས་ཅན་པ་ཡི་ཕན་བདེ་མ་ལུས་པ།། གནས་སྐབས་མཐར་ཐུག་ལེགས་ཚོགས་ཇི་སྙེད་པ།།
གང་ལ་བརྟེན་པ་བསམ་འཕེལ་དབང་གི་རྒྱལ།། ང་ཡི་བླ་མ་ཡིད་བཞིན་ནོར་བུ་མཁྱེན།།

ཀྱེ་མ་འདས་ལོ་བཅུ་ཕྲག་བདུན་ལྷག་རིང་།། གཞིས་བྱེས་གཉིས་སུ་གྱར་བའི་གངས་ཅན་པ།།
རང་དབང་བྲལ་བའི་སྡུག་བསྔལ་འདི་བསམ་ཚེ།། ཡང་ནས་བསམ་ན་ཡིད་མུག་སྐྱེ་བའི་རྒྱུ།།

ཁྱད་པར་མི་རྗེ་སྲོང་བཙན་སྒམ་པོ་ཡི།། ཤ་དང་ཁྲག་རྒྱུན་མ་སྐམ་དཔའ་བོ་རྣམས།།
རྣམ་ཤེས་མེ་དཔུང་ཐིམ་པའི་གྲངས་ཀ་ནི།། བརྒྱ་དང་བདུན་ཅུ་མ་ཟིན་ཙམ་ཞིག་བྱུང་།།

ཡང་དགོས་ཁ་སང་གྲོང་ཁྱེར་ཉིའུ་ཡོག་ཏུ།། དཔའ་པོ་ཆེན་པོ་བློ་དགའ་རང་བཙན་གྱིས།།
ཁ་ཆེམས་དང་བཅས་མེ་བསྲེག་བཏང་བ་དེ།། སྙིང་གི་དབུས་ནས་ཁྱེད་ལ་རྗེས་དྲན་ཞུ།།

མཛེས་པའི་བོད་གོས་སྐུ་ལ་གསོལ་བ་དང་།། ལྷོད་དལ་མི་འཇིགས་གོམ་སྟབས་བསྒྱུར་བ་དང་།།
བོད་ཀྱི་རྒྱལ་དར་ཕྲག་ཏུ་བཀལ་ནས་སུ།། མེ་དཔུང་དམར་པོས་ཟོས་པའི་དཔའ་བོ་དྲན།།

གང་གི་འདའ་ཁའི་ཞལ་ཆེམས་དྲོད་མོ་དང་།། སྐུ་ལུས་མེར་བསྲེག་བྱས་པའི་བློ་ཁོག་དེས།།
འཛམ་གླིང་གོ་ལ་ཧྲིལ་པོ་གཡོ་འགུལ་བཟོས།། དཔའ་བོ་ཁྱེད་ནི་དོན་གྱི་དཔའ་བོ་ཡིན།།

རང་
བཙན་གཙང་མ་ནམ་ཡང་མི་འདོར་ཞིང་།། བཙན་པོའི་ཁྲག་རྒྱུན་བཞུར་བའི་སྙིང་ཁམས་ཅན།།
བློ་སྤོབས་ལྡན་པའི་དཔའ་རྒོད་ཁྱོད་ཉིད་ལ།། དགའ་གུས་ངང་ནས་མིག་ཆུས་སྐྱེལ་མ་ཞུ།།

གཡས་ནས་དགོད་སྒྲས་བླ་མའི་འཁྲུངས་སྐར་བསུས།། གཡོན་ནས་ངུ་སྒྲས་དཔའ་བོའི་ཕེབས་སྐྱེལ་ཞུས།།
ཉིན་གཅིག་ཤར་བའི་ཉི་མ་དཀར་ནག་གཉིས།། གདོང་དམར་བོད་པ་ཚང་གི་ལས་དབང་རེད།།

གང་ལྟར་ཁྱེད་ཉིད་ཚིག་པའི་རྗེས་ཤུལ་དུ།། གང་གི་ཞལ་ཆེམས་དུད་དྲི་མ་ཡལ་བར།།
དེང་ནས་བཟུང་སྟེ་ལག་ལེན་སུས་བྱས་ན།། དེ་ནི་ཁོང་གི་རྗེས་དྲན་ངོ་མ་ཡིན།།

<༢༠༢༦/༧/༡༠/ཉིན་དྲ་མིང་བདེན་པ་ནས་རང་ཤག་འཇམ་དབྱངས་ཆོས་འཁོར་གླིང་ནས་བཅོས་མིན་གྱི་མྱ་ངན་དང་བཅས་ཏེ་ཕུལ།།>

No comments:

Post a Comment