Pages

Sunday, July 6, 2025

འཛམ་གླིང་རྒྱལ་སྤྱིའི་ཕ་ཡི་དུས་ཆེན་གྱི་ཉིན་མོར་བཀྲ་མ་ཤིས་པའི་གཏམ་ངན་གོ་བ།


ངས་ནམ་རྒྱུན་མཚན་མོ་ཉལ་བའི་སྐབས་སུ་ཁ་པར་སྒོ་རྒྱབ་ནས་འཇོག་གི་ཡོད། ད་ནང་ཞོགས་པ་གཉིད་སད་མ་ཐག་ཁ་པར་སྒོ་ཕྱེས་ནས་བལྟས་དུས་བོད་ནས་ཝེའི་ཆར་ཊི་ཐོག་ཏུ་ང་ཡི་སྤུན་མཆེད་རྒན་ཤོས་གནས་བརྟན་འདུལ་བ་འཛིན་པ་དགེ་སློང་བློ་བཟང་རྒྱལ་མཚན་ལགས་ཀྱི་ཚ་མོ་ཆེ་བ་ཨ་ནེ་དབྱངས་ཅན་སྒྲོལ་མ་ནས་ནང་ཆེན་བའི་ཡུལ་སྐད་དག་མའི་ཐོག་ནས་ངུ་སྐད་དང་བཅས་སྐད་འདི་ལྟར་སྐུར་འདུག <རྒན་ལགས་དེ་རིང་ཨ་ཞང་རྒྱལ་མཚན་ཀ་མདའ་དགོན་ནས་་གྲོངས་ཕེས་ཐེས།> ཅེས་ངུ་སྐད་དང་བཅས་སྐད་ཉམས་དམའ་བོའི་དེ་ལྟར་ཟེར་འདུག ང་ནི་གཏམ་ངན་དེ་གོ་བ་དང་མཉམ་དུ་སེམས་ལ་མ་བདེ་བ་ཆེན་པོ་ཞིག་བྱུང་། གང་ཡིན་ཟེར་ན། ཉེ་ཆར་གཅེན་པོ་མ་འདས་པའི་ཉིན་གཅིག་གོང་ནས་ངེད་བུ་སྤུན་གཉིས་ཁ་པར་གྱི་བརྙན་ལམ་ནང་ནས་ཆུ་ཚོད་གཅིག་ལྷག་སྐད་ཆ་བྱུང་། སྐབས་དེ་དུས་ཁོང་ནི་སྐུ་གཟུགས་བདེ་མོ་ཡིན་པ་མ་ཟད་ཐུགས་རིག་ཧ་ཅང་གསལ་པོ་འདུག ལར་ནི་ཁོང་ལ་ཁ་པར་གཏན་ནས་མེད་ཅིང་ནམ་རྒྱུན་འབྲེལ་བ་བྱེད་པའི་སྐབས་སུ་ཁོང་གི་ཚ་མོ་རྣམས་ཀྱི་རྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད། དེ་ནས་བློ་བུར་དུ་ཨ་ནེ་ལ་ཝེའི་ཆར་ཊི་རྒྱུད་ནས་ཁ་པར་ཞིག་བཏང་བས་ཨ་ནེའི་ཁ་པར་བླངས་སོང་། ངེད་གཉིས་གཅེན་པོ་བློ་བཟང་རྒྱལ་མཚན་ཇི་ལྟར་གྲོངས་མིན་སྐོར་སྐད་ཆ་ཡུན་རིང་བྱས། ཨ་ནེ་ལགས་ནས་གཅེན་པོ་བློ་བཟང་རྒྱལ་མཚན་གྲོངས་སྟངས་འདི་ལྟར་གསུངས་སོང་།

<སྤྱིར་བཏང་ཨ་ཞང་ལ་མཆིན་པའི་ནད་གཞི་ལྗི་མོ་ཞིག་ཕོག་ནས་ལོ་འགའ་ཡིན་པ་མ་ཟད་གཅིན་པ་མངར་སྐྱུར་གྱི་ནད་གཞི་ཡང་ཡོད། ནམ་རྒྱུན་རྒྱ་སྨན་དང་བོད་སྨན་རེས་མོས་བཟའ་དགོས་ཐུག་པ་རེད། ད་ལོ་དགུང་ལོ་བརྒྱད་བཅུ་གྱ་གཉིས་རེད། ནམ་རྒྱུན་ཁ་འདོན་དང་སྒོམ་ཉམས་ལེན་ཁོ་ན་ལ་བརྩོན་ནས་ནང་དུ་བཞུགས་པ་ལས་ཕྱི་ལོགས་སུ་འགྲོ་རྒྱུ་གཏན་ནས་དགའ་བོ་མེད། དེ་འདྲ་ཡིན་ཙང་ལོ་འགའ་ཡི་གོང་ནས་གོམ་པ་སྤོ་ནས་འགྲོ་རྒྱུ་ལ་དཀའ་ངལ་འཕྲད་ནས་མལ་སར་ལྷུང་བ་རེད། ང་དང་ང་ཡི་སྤུན་མཆེད་ཆུང་བ་ཨ་ནེ་ཀུན་བཟང་སྒྲོལ་མ་ངེད་གཉིས་ནས་གང་དྲག་གིས་ནད་གཡོག་བྱས་པ་ཡིན། ནམ་རྒྱུན་སྐུ་གཟུགས་སྟངས་བཟང་ངན་གང་བྱུང་ཐུགས་སེམས་སྐྱིད་པོ་དང་། ཞལ་རས་ལ་འཛུམ་མདངས་ཀྱིས་ཁེངས་ནས་བཞུགས་ཀྱི་ཡོད། ཉེ་བའི་ཆར་ཁོང་ནས་ད་ལོ་དབྱར་ཁ་ང་ཀ་མདའ་དགོན་པར་འགྲོ་གི་ཡིན་གསུངས་སོང་། ང་དང་ང་ཡི་སྤུན་མཆེད་ཨ་ནེ་ངེད་གཉིས་ཀྱང་ནད་གཡོག་དང་ཞབས་ཕྱིའི་ཚུལ་དུ་ཁོང་དང་མཉམ་དུ་ཀ་མདའ་དགོན་པར་སོང་། དགོན་པར་འབྱོར་ནས་ཉིན་གཅིག་གི་རྗེས་སུ་ཨ་ཞང་ནས་དེ་རིང་ང་ཁོག་སྟོད་ཅུང་ཟད་ན་གི་འདུག་གསུངས། ང་ཚོའི་ཤར་མདའ་དང་སྐྱེ་དགུ་སོགས་རྒྱ་ཡི་སྨན་ཁང་གང་རུང་ཞིག་ལ་འགྲོ་ན་ཡག་ཚུལ་ཞུས་ཀྱང་ཨ་ཞང་སྨན་བཅོས་ལ་འགྲོ་འདོད་མི་འདུག དེ་ནས་ཟུར་དུ་ཡོད་པའི་ནད་གཡོག་གིས་བོད་སྨན་ཞིག་སྤྲད་ནས་ཟོས་པས་ཅུང་མ་འགོར་བར་ཨ་ཞང་ཉལ་སར་བཞུགས་བཞིན་དུ་ན་ཟུག་གི་སྡུག་བསྔལ་སོགས་གང་ཡང་མེད་པར་མགོ་བོ་གུག་ཙམ་བྱས་པས་ནད་གཡོག་གིས་ལྟ་དུས་དེ་མ་ཐག་དབུགས་ཆད་ཚར་ཡོད་པ་ཤེས། ཨ་ཞང་གྲོངས་སྟངས་དེ་འདྲ་རེད་ལགས།> 
ཞེས་ཁོང་གི་ཡུམ་གྱི་ཕྱོགས་ནས་ཚ་མོ་ཡིན་པའི་ཨ་ནེ་ཆེ་བ་དབྱངས་ཅན་སྒྲོལ་མ་ངུ་སྐད་དང་བཅས་དེ་འདྲ་གསུངས་སོང་། དེ་ནས་ང་ཡང་སེམས་ལ་སྟོང་ལྷང་ངེ་བ་ཞིག་ངང་ནས་ཅི་བྱེད་འདི་བྱེད་མེད་པར་ཐབ་ཚང་ནང་དུ་མིག་ཆུ་ཤོར་བཞིན་བསྡད། ཇི་སྲིད་འདོད་སྡང་རྨོངས་གསུམ་མ་སྤང་པ་དེ་སྲིད་རིང་ལ་རང་ཉིད་གང་ལ་དགའ་ཕྱོགས་དེ་དང་ཁ་བྲལ་བ། <གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ།>ཞེས་སྡུག་བསྔལ་གཞན་ལས་སེམས་ལ་རྨ་ཁ་ཆེ་ཤོས་དང་ཡུན་རིང་ཤོས་ཀྱི་སྡུག་བསྔལ་དེ་རེད་འདུག འདས་པའི་མི་ལོ་སུམ་བཅུ་མ་ཟིན་ཙམ་གྱི་རིང་རང་ཡུལ་དང་། ཕ་དགོན། ནང་མི། ཆོས་གྲོགས། སྤུན་མཆེད་སོགས་དང་ཁ་བྲལ་བའི་དབང་གིས་ཤི་གསོན་ཁ་བྲལ་དུ་གྱུར་ནས་བོད་ལ་བཞུགས་པའི་ནང་མི་ལ་དངོས་སུ་ཐུག་མ་ཐུབ་དེ་ལ་བསམ་ནས་ཞིབ་འདིང་ཞིག་རྒྱབ་དུས་ཕྱི་རྒྱལ་ལུང་པ་ས་ཆ་ཇི་ལྟར་སྐྱིད། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས། དར་རྒུད་ཇི་ལྟར་བྱུང་རུང་མི་ཚེ་འདིར་ལས་ཀྱི་དབང་གིས་ཡ་ཐོད་ལ་<སྐྱབས་བཅོལ་བ>ཞེས་བྲིས་པའི་རི་མོ་དེ་མ་ཡལ་བར་དུ་ང་དང་ང་འདྲ་བའི་སྐྱབས་བཅོལ་བའི་བོད་རིགས་རྣམས་ལ་ནང་མི་ལྷན་འཛོམས་མེད་པའི་དཀའ་སྡུག་དེ། ཁ་དཔེར། བ་མ་ཤི་བར་དུ་རྙང་བའི་རྒྱུན་མི་འཆད། ཅེས་པའི་གཏམ་དཔེ་དེ་ཡིད་ལ་དྲན་བཅུག་སོང་། 

ང་ཡི་ཕ་འདས་པོ་ལ་སྔ་ཕྱི་ཕྲུ་གུ་བཞི་ཡོད་ཅིང་བུ་གསུམ་དང་བུ་མོ་གཅིག་བཅས་རེད། ང་ནི་ལོ་ན་ཆུང་ཤོས་དེ་ཡིན། ཁ་སང་འདས་གྲོངས་སུ་གྱུར་པའི་གཅེན་པོ་བློ་བཟང་རྒྱལ་མཚན་ནི་མ་ཁ་ཁ་ཡིན་པའི་སྤུན་ལོ་ན་རྒན་ཤོས་དེ་རེད། གཅེན་པོ་ནི་ཆུང་དུས་ནས་ཀ་མདའ་དགོན་པ་ཞེས་ཡུལ་དེར་དགེ་ལུགས་པའི་དགོན་པ་ཞིག་ཡོད་པ་དེར་གྲྭ་པ་བྱས་ནས་དགོན་པར་འཛུལ་ཞུགས་གནང་། དགོན་པའི་འཚོགས་འདོན་སོགས་ལ་ལེགས་པར་སྦྱང་བརྩོན་གནང་བ་མ་ཟད་སར་སྒང་དགོན་པ་དང་། ཆབ་མདོ་དགོན་པ་སོགས་ནས་དགེ་བའི་བཤེས་གཉེན་མང་པོའི་མདུན་ནས་དབང་ཁྲིད་གདམས་ངག་རྣམས་ཞུས་ནས་འཇིགས་བྱེད་སོགས་ཡི་དམ་མང་པོའི་བསྙེན་མཚམས་ལ་བཞུགས་ཤིང་དུས་རྒྱུན་ཉམས་ལེན་ལ་བརྩོན་གནང་མཁན་ཞིག་ཡིན།། ཀ་མདའ་དགོན་པའི་ནང་དུ་རྒྱལ་མཚན་ཞེས་པའི་མིང་མ་འདྲ་བ་གྲྭ་པ་འགའ་ཤས་ཡོད་སྟབས་སྐབས་རེ་ཁོང་གི་མཚན་ལ་ཤིང་བཟོ་རྒྱལ་མཚན་ཞེས་འབོད་སྲོལ་ཀྱང་ཡོད། ང་རང་ལོ་ཉེར་གཅིག་སྤྱི་ལོ་1985 ལོར་ལོ་གསུམ་ཟླ་གསུམ་མཚམས་ལ་བསྡད་པའི་སྐབས་སུ་ཁོང་ནས་ངོས་ལ་གཡས་ཕྱོགས་སུ་མར་དང་ཆུར་བ། གཡོན་ཕྱོགས་སུ་རྩམ་པ་བླུག་ཆོག་པའི་ཤིང་གི་རྩམ་སྒམ་སྤུས་ལེགས་ཤིག་བཟོས་ནས་གནང་སོང་བས་སྒྲུབ་ཁང་ནང་དུ་ལོ་གསུམ་རིང་ལ་བེད་སྤྱོད་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་། དེང་སང་གི་དུས་ཚོད་ལ་ལྟོས་ན་གཅེན་པོའི་གཅུང་པོར་ལག་པས་ཆེད་དུ་བཟོས་པའི་ཤིང་གི་རྩམ་སྒམ་དེ་ནི་ཆེས་རྩ་ཆེན་གྱི་ནོར་བུ་ཞིག་ཡིན་པ་མ་ཟད་གཅེན་པོའི་དྲན་རྟེན་གྱི་ཅ་དངོས་ཡག་ཤོས་ཤིག་ཏུའང་གྱུར་འདུག 1995 ལོར་ང་ཡི་གཅེན་པོ་བློ་བཟང་རྒྱལ་མཚན་ཀ་མདའ་དགོན་པའི་གཉེར་པར་མི་འདོད་བཞིན་དུ་བཙན་གྱིས་བསྐོ་བཞག་གནང་། དགོན་པའི་སྤྱི་རྫས་ལ་ཆུད་ཟོས་སུ་མ་སོང་བར་ལོ་གསུམ་རྗེས་སུ་གཉེར་རྩིས་སྤྲད་པའི་སྐབས་དགེ་འདུན་མང་ཚོགས་འདུས་པའི་གྲལ་མདོ་ནས་ཕྱག་གསུམ་བཙལ་ནས། “ངས་ལོ་གསུམ་རིང་དགོན་པའི་སྤྱི་རྫས་དངུལ་སྒོར་མོ་གཅིག་ཀྱང་ངས་བེད་སྤྱོད་བྱེད་མྱོང་མེད།”ཅེས་གསུངས་ནས་མནའ་བསྐྱལ་བ་མ་ཟད་གཉེར་རྩིས་ཚུར་བླངས་བའི་སྐབས་སུ་བླ་མས་གནང་བའི་ཁ་བཏགས་དྲེག་པ་ཅན་དེ་གློ་ཁུག་ནང་ནས་ཡར་བླངས་ཤིང་དེ་ཡང་རྩིས་སྤྲད་པའི་ལོ་རྒྱུས་སྙན་པོ་ཞིག་ཡོད་དར། དུས་དེ་ནས་བཟུང་སྟེ་དགོན་པའི་གྲྭ་པ་རྣམས་ཀྱིས་ཁོང་གི་མིང་འདོག་ལ། <རྒྱལ་མཚན་གསེར་ནག་ཕ་བོང་།>ཞེས་འབོད་སྲོལ་ཡོད་རེད་ཟེར། གསེར་ནི་དངོས་པོ་རིན་ཐང་ཆེ་བ་མ་ཟད་ལྗིད་ཚད་ཆེན་པོ་ཅན་ཞིག་ཡིན་སྟབས་གཅེན་པོ་ནི་མི་བཟང་པོ་དང་མི་གཞི་བརྟན་པོ་འགྱུར་བ་མེད་པའི་དཔེ་རུ་བཞག་ནས་བཏགས་པ་རེད་བསམ། ནམ་རྒྱུན་ཁོང་དགོན་པའི་ནང་དུ་གཏན་འདུག་གནང་རྒྱུ་ལས་གྲོང་ཁྱེར་དང་ཐ་ན་ང་ཚོའི་ནང་མིར་ཐུག་འཕྲད་ལ་ཡོང་རྒྱུ་ཡང་ཧ་ཅང་ཉུང་ཉུང་ཞིག་ཡིན། ནམ་རྒྱུན་ང་ཚོའི་གྲོང་པའི་མི་རྣམས་ཀྱིས་ཁོང་ནི་ང་ཡི་སྤུན་མཆེད་ཡིན་པ་ཕལ་ཆེར་གྱིས་ཤེས་ཀྱི་མེད། གང་ཡིན་ཟེར་ན། ཁོང་ནི་དགོན་པར་གཏན་འདུག་གནང་བ་ལས་ནང་མི་ཐུག་འཕྲད་ལ་ཡོང་གི་མེད་པས་རེད།1997 ལོར་ཁོང་གི་ཕ་ནད་ཀྱིས་མནར་ནས་མལ་སར་ལྷུང་བའི་སྐབས་སུ་ཁོང་ཐེངས་མ་འགའ་ཤས་སུ་ཕ་དང་ཐུག་འཕྲད་ཆེད་དུ་ཕེབས་སོང་། དེ་ངེད་སྤུན་གཉིས་ཐུག་པ་ཐ་མ་དེ་ཡིན་དེ་ཡི་ཕྱི་ལོ་1998 ལོར་ང་རྒྱ་གར་ལ་ཡོང་དགོས་བྱུང་བ་རེད། དེ་ནས་བཟུང་ད་བར་ངེད་བུ་སྤུན་གཉིས་ཁ་པར་དང་བརྙན་ལམ་ནས་སྐད་ཆ་ཙམ་ལས་དངོས་སུ་ཐུག་ཐུབ་མ་སོང་། ཁོང་གི་གཟུགས་པོའི་ཆེ་ཆུང་དང་། གདོང་གི་དབྱིབས་སོགས་གང་ནས་ལྟས་ཀྱང་ཕ་དང་འདྲ་བོ་ཡོད། ང་གཉིས་ཕ་གཅིག་གི་བུ་ཡིན་ཀྱང་དགོན་པ་དང་ཆོས་ལུགས་ཅུང་ཟད་མི་འདྲ། ཁོང་གི་དགོན་པའི་མཚན་ལ་ཀ་མདའ་དགོན་དང་ཆོས་ལུགས་དགེ་ལུགས་པ་རེད། ང་ཡི་དགོན་པའི་མིང་ལ་ཇ་པ་དགོན་དང་ཆོས་ལུགས་བཀའ་བརྒྱུད་པ་རེད།

ཕལ་ཆེར་1992 ནང་ཟླ་ཚེས་གསལ་པོར་མ་ངེས་དེ་དུས་ང་ནང་ཆོས་སློབ་སྦྱོང་ཆེད་དུ་སྡེ་དགེའི་ཕྱོགས་སུ་སོང་ནས་ཡར་འཁོར་བའི་སྐབས་ཤིག་ཡིན་ནང་ཆེན་ཤར་མདའ་གྲོང་ནས་འབྲུག་པ་བཀའ་བརྒྱུད་བླ་མ་སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེའི་སྐུ་མདུན་ལ་བཅར་སྐབས་ ཁོང་ནས་ང་ལ་འདི་ལྟར་གསུངས་སོང་།
“དེང་སང་ནང་ཆེན་པའི་གྲྭ་པ་འགའ་ཤས་ཕྱི་ལོགས་ལ་དཔེ་ཆ་ལྟ་རུ་འགྲོ་གི་ཡོད་པའི་སྐད་ཆ་གོ་རྒྱུ་འདུག དེ་ཧ་ཅང་ཡག་པོ་རེད། འོན་ཀྱང་ནང་ཆེན་ལ་མཁས་པ་ཆེན་པོ་ཀ་མདའ་ཁྲི་སྤྲུལ་རིན་པོ་ཆེའི་མདུན་ལ་བཅར་མཁན་སུ་ཡང་མེད་པ་འདྲ། དེ་ནི་གཏམ་དཔེར། གསེར་རང་ལ་ཡོད་བཞིན་དུ་ར་གན་གཞན་ནས་འཚོལ་ཟེར་བའི་དཔེ་དང་འདྲ་བོ་རེད། ཁྱོད་རང་རྗེས་མ་ཁྲི་སྤྲུལ་རིན་པོ་ཆེའི་མདུན་ལ་སོང་དང་ཁོང་གིས་མི་མཁྱེན་པ་ཞིག་ཡོད་མ་རེད། ལར་ནི་ཁོང་གིས་དམན་ས་བཟུང་དྲགས་ནས་གསུང་ཆོས་གནང་གི་ཡོད་མེད་ངས་མི་ཤེས།”
ཤེས་གསུངས་སོང་། དེ་ནས་བཟུང་སྟེ་ཁྲི་སྤྲུལ་རིན་པོ་ཆེ་མཇལ་འདོད་བྱུང་།

ཀ་མདའི་ཁྲི་སྤྲུལ་རིན་པོ་ཆེ། 

1996 ལོར་ཀ་མདའ་དགོན་པའི་བླ་མ་ཁྲི་སྤྲུལ་རིན་པོ་ཆེའི་མདུན་ལ་ཐེངས་མ་དང་པོ་སོང་། རིན་པོ་ཆེ་ནི་ནམ་རྒྱུན་དགོན་པར་མི་བཞུགས། འཆམས་གཤིས་གཞུང་མདོ་གསུམ་ཞེས་པའི་གྲོང་སྡེ་ཞིག་གི་ནང་དུ་ཁོང་གི་སྐུ་མཆེད་མཉམ་དུ་བཞུགས་ཀྱི་ཡོད། གྲོང་པ་དེའི་ནང་དུ་ཡོད་པའི་ངོས་ཀྱི་ཨ་ཕྱི་ཚེ་རིང་གཡང་འཛོམས་དང་མཉམ་དུ་ཉིན་གཅིག་རིན་པོ་ཆེ་མཇལ་ཁ་ཞུ་ལ་སོང་བས་རྡོ་རྩིག་ཐེབས་ཆག་ཞིག་ལས་བཟོས་པའི་གྲོང་གསེབ་ཁང་པ་ཆུང་ཆུང་ཞིག་གི་ནང་དུ། ལོ་གསུམ་ཟླ་གསུམ་མཚམས་ལ་འདུག་སའི་ལྟ་བུའི་སྒོམ་ཁྲི་ལས་ཅུང་ཆེ་བ་ཞིག་གི་ནང་དུ་སྐུ་གཟུགས་ཐུང་ལ་སྤྱན་ཁྲ་གོར་གོར་མ་ནེ་ལ་ཨོག་ཚོམ་ཅུང་ཟད་ཡོད་པ་སྐུ་ལ་གོས་རིང་མདོག་རྒྱ་སྨུག་ཅན་ཞིག་མནབས་ནས་བཞུགས་འདུག ཨ་ཕྱི་ཚེ་རིང་གཡང་འཛོམས་དང་ཁོང་གི་ཉེ་གནས་བློ་བཟང་གཉིས་ནས་ང་སྤྲོད་མདོར་བསྡུས་ཤིག་བྱས་སོང་། རིན་པོ་ཆེ་ནས་ངོས་ཀྱི་ཕ་ངོ་ཤེས་ཀྱི་འདུག་པ་མ་ཟད་ཉེ་བའི་ཆར་འདས་གྲོངས་གྱུར་པའི་ང་ཡི་གཅེན་པོ་བློ་བཟང་རྒྱལ་མཚན་གཉིས་ཀྱང་དགོན་པ་གཅིག་པ་རེད། ནང་ཆེན་བའི་སྡེ་དགོན་ཡུལ་མི་མང་པོ་ཞིག་ནས་ཁོང་མཁས་པ་ཆེན་པོ་ཞིག་ཡིན་པ་ཕལ་ཆེར་གྱིས་ཤེས་ཀྱི་མེད། ངས་ཉིན་མོ་བླ་མའི་སྐུ་མདུན་ནས་ཁུ་སེམ་མེའི་ངང་ནས་དཔེ་ཁྲིད་ཞུ་བཞིན་པའི་སྐབས་སུ་བློ་བུར་དུ་ཡུལ་མི་མང་པོ་ཞིག་མཇལ་ཁར་ཡོང་ནས་རིན་པོ་ཆེ་ལ་ཕྱག་མོ་དང་། བཀའ་བསྒོ་དང་འདོན་པ་སོགས་གསུང་དགོས་ཐུག་དུས་ང་ཡི་གསུང་ཆོས་བར་ཆད་ཡོང་གི་ཡོད། མི་མང་རྣམས་ཀྱིས་བླ་མ་ལ་ཞུ་བྱ་གཙོ་བོ་དེ་ནི་མོ་འདེབས་རྒྱུ་དེ་རེད། ངས་མཇལ་ཁ་བ་རྣམས་ཕྱི་རུ་དོན་མ་ཚར་བར་དུ་གཟིམས་ཆུང་གི་ཟུར་ཞིག་ནས་སྒུག་འདུག་གི་ཡོད། སྐབས་རེ་བླ་མས་དེ་རིང་མི་མང་པོ་སླེབས་འདུག ཁྱོད་རང་ཨ་ཕྱིའི་ནང་དུ་སོང་ནས་ལྷོད་ལྷོད་ངང་ངལ་གསོ་གྱིས་སང་ཉིན་དཔེ་ཁྲིད་བྱེད་གསུང་ནས་གསུང་ཆོས་ཀྱི་འཕྲོ་བཅད་པ་ཉུང་ཉུང་ཞིག་གཏན་ནས་མིན། བླ་མའི་གཟིམས་ཁང་ནས་ཨ་ཕྱིའི་ནང་དུ་འགྲོ་བའི་ལམ་བར་དུ་སྟོང་བསམ་འདི་འདྲ་ཞིག་འཁོར་མྱོང་། ལོ་འགའ་ཡི་གོང་ནང་ཆེན་ཤར་མདའ་རྫོང་ནས་ཨ་ལྡེའུ་རིན་པོ་ཆེའི་བླ་མ་འདིའི་ཡོན་ཏན་རྣམས་གསུངས་ནས། <ཁྱོད་རང་ས་ཐག་རིང་པོར་དཔེ་ཆ་ལྟ་རུ་འགྲོ་དགོས་མ་རེད། ཀ་མདའ་ཁྲི་སྤྲུལ་མདུན་ནས་གསུང་ཆོས་གང་ཐོབ་གྱིས>་ཞེས་གསུངས་པའི་བསླབ་བྱ་དང་། ལུང་པ་ཁུག་ཀྱོག་འདིར་མཁས་གྲུབ་ཆེན་པོ་བླ་མ་རྩ་ཆེན་འདི་ལྟ་བུ་ཞིག་བཞུགས་ཡོད་པ་ཡུལ་མི་རྣམས་ཀྱིས་མ་ཤེས་ནས་བེད་སྤྱོད་ནི་ཕྱག་མོ་འདེབས་མཁན་ཞིག་ཏུ་གྱུར་པ་འདི་ལ་བསམ་ནས་པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དགེ་ལྡན་ལེགས་བཤད་དེའི་ནང་གི་ཚིགས་བཅད།
བླུན་པོའི་གམ་ན་མཁས་མི་མཛེས། ། ཡོན་ཏན་མཐོང་བ་མེད་པས་ནོངས། །
ཙན་དན་གསེར་ལས་རིན་ཆེ་བ། ། བླུན་པོས་སོལ་བར་བྱས་ལ་ལྟོས། །
ཤེས་གསུངས་དེ་རྣམས་བློ་ལ་འཁོར་བཞིན་གནས་ཚང་ཨ་ཕྱི་ནང་དུ་འགྲོ་གི་ཡོད། རིན་པོ་ཆེའི་བཞུགས་སའི་གྲོང་ཚོ་<མདོ་གསུམ་ཡ་རུ།>ཞེས་པ་འདིའི་ནང་དུ་ངོས་ཀྱི་ཨ་ཕྱི་ཚེ་རིང་གཡང་འཛོམས་ནང་མི་རྣམས་ཡོད་སྟབས་ཉིན་མོར་བླ་མའི་མདུན་ནས་གསུང་ཆོས་ཞུ་ཞིང་། དགུང་མོ་གནས་ཚང་ཨ་ཕྱིའི་ནང་དུ་ཡོང་ནས་སྤུན་མཆེད་ལ་ཐུག་འཕྲད་དང་། བླ་མའི་མདུན་ནས་གསུང་ཆོས་ཐོབ་པ་གཉིས་ཆར་སྟབས་གཅིག་ཏུ་ཡོང་གི་ཡོད་པས་སྐབས་དེ་དུས་ཧ་ཅང་སྐྱིད་པོ་བྱུང་། སྐབས་རེ་བླ་མས་ང་ལ་འདི་ལྟར་གསུང་མྱོང་། “ཁྱོད་རང་གི་གཅེན་པོ་བློ་བཟང་རྒྱལ་མཚན་མི་ཧ་ཅང་ཡག་པོ་རེད། ཁོང་ལྟ་བུ་མི་དེང་སང་མི་དཀོན་པོ་རེད།”ཅེས་གསུངས་ནས་ཁོང་ལ་བསྟོད་བསྔགས་མང་པོ་གནང་གི་ཡོད། སྐབས་རེ་བླ་མས་ངས་བྲིས་པའི་སྙན་རྩོམ་ལའང་བསྟོད་བསྔགས་གནང་གི་རེད། གང་ལྟར་ཀྱང་ཁྲི་སྤྲུལ་རིན་པོ་ཆེའི་མདུན་ལ་སྔ་ཕྱི་ཐེངས་གསུམ་བཅར་ནས་ལམ་རིམ་བསྡུས་དོན་དང་། ལམ་གཙོ་རྣམ་གསུམ། གཞན་སེ་ར་རྗེ་བཙུན་པའི་ཕར་ཕྱིན་གྱི་སྤྱི་དོན་སོགས་དཔེ་ཆ་གཅིག་ལས་མེད་ཀྱང་ཉིན་མོ་བླ་མས་གསུང་ཆོས་གནང་ཞིང། མཚན་མོ་དཔེ་ལྟས་ཆེད་དུ་ངོས་ནས་གཡར་པོ་ཞུ་ནས་སང་ཉིན་ཞོགས་པ་སྔ་བོར་དཔེ་ཆ་བླ་མའི་ཕྱག་ཏུ་འབུལ་དགོས་ཡོད། གང་ལྟར་བླ་མའི་མདུན་དུ་གསུང་ཆོས་ཞུས་ནས་ཡུན་རིང་བསྡད་པ་ཡིན། ཁོང་ནི་དགེ་ལུགས་ཕྱོགས་ནས་གསུང་ཆོས་ཞུ་སའི་ང་ཡི་བླ་མ་ཐེངས་མ་དང་པོ་དེ་ཡིན་པ་མ་ཟད་རྗེས་མར་ང་ལ་ཐུགས་བརྩེ་ཧ་ཅང་ཆེན་པོ་གནང་གི་ཡོད། དེ་རྣམས་འདིར་ངོས་ཀྱི་གཅེན་པོ་དང་འབྲེལ་བའི་འཕྲོས་བཤད་ཙམ་ཡིན།
གང་ལྟར་ཀྱང་ང་ཡི་གཅེན་པོ་དགེ་སློང་བློ་བཟང་རྒྱལ་མཚན་ད་ལོ་དགུང་ལོ་བརྒྱད་བཅུ་གྱ་གཉིས་ཐོག་ཁ་སང་ཉེ་ཆར་ཀ་མདའ་དགོན་པའི་ནང་དུ་སྐུ་གྲོངས་འདུག་ཟེར། གྲོངས་ཚར་མ་ཐག་དགོན་པའི་བླ་སྤྲུལ་རྣམས་ཕེབས་ནས་སྨོན་ལམ་དང་གསང་འདུས་རྩ་རྒྱུད་སོགས་གསུངས་ཡོད་སྐད། ཐུགས་དམ་ཉིན་གསུམ་ལ་བཞུགས་པའི་རིང་བཞུགས་གནས་ཁང་པའི་ཕྱི་ནང་ཀུན་ཏུ་དྲི་བཟང་གིས་ཁྱབ་ཅིང་དེར་ཡོད་ཀུན་གྱིས་ཚུལ་ཁྲིམས་ཀྱི་དྲི་མ་ཡིན་པར་ཐག་བཅད། ཉིན་བཞིའི་རྗེས་སུ་ཐུགས་དམ་གྲོལ་ནས་བོད་ཀྱི་གནའ་བོའི་སྲོལ་རྒྱུན་ལྟར་སྐུ་ཕུང་དུར་ཁྲོད་དུ་གདན་དྲངས་ནས་བྱ་རྒོད་ལ་སྦྱིན་བཏོང་གནང་སོང་ཞེས་གཅེན་པོའི་ཚ་མོ་ཨ་ནེ་དབྱངས་ཅན་སྒྲོལ་མ་ནས་གསུངས་པ་ལྟར་མི་བརྗེད་དྲན་ཐོའི་ཆེད་དུ་ཉིན་ཐོར་བཏབས་པའོ། །

མཇུག་བསྡུ་བ།
གཅེན་པོ་ལགས། ཁྱེད་བཞུགས་པའི་རིང་ལ་ཁྲིམས་གཙང་གི་དགེ་སློང་ཞིག་དང་། ཉམས་ལེན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་སྟབས་ཁྱེད་ཕེབས་པའི་ལམ་ལ་བར་ཆད་དང་འཇིགས་སྐྲག་ཡོང་དོགས་མེད་ཐུགས་བདེ་མོ་གནང་རོགས། 
གཅེན་པོ་ལགས། ཁྱེད་བཞུགས་པའི་རིང་ལ་སྡོམ་གསུམ་གྱི་བཅས་ཁྲིམས་རྣམས་ལ་མིག་ལྟར་དུ་གཅེས་ཉར་གནང་ཡོད་པས་ཁྱེད་གཤེགས་པའི་རྗེས་སུ་ཚུལ་ཁྲིམས་ཀྱི་དྲི་བཟང་ཅིས་མི་འཐུལ།
གཅེན་པོ་ལགས། ཁྱེད་ཀྱི་འདས་རྟགས་ནི་ངོ་མ་ནི་ཁྱེད་གསོན་པོར་བཞུགས་པའི་རིང་ལ་སྡོམ་གསུམ་ལ་གས་ཆག་མེད་པར། ལུས་ཆོས་གོས་དང་མ་བྲལ། ལག་ཕྲེང་བ་དང་མ་བྲལ། ངག་བསྙེན་བཟླས་དང་མ་བྲལ། ཐུགས་མཉམ་བཞག་དང་མ་བྲལ་བར་ཚང་ལ་ཉམས་པར་ཁ་སང་མཉམ་དུ་ཕེབས་འགྲོ་རྒྱུ་དེ་ལས་ལྷག་པའི་འདས་གྲོངས་སུ་གྱུར་རྗེས་སྐུ་གདུང་ཙོག་གེར་བཞུགས་མིན་དེང་སང་<ཐུགས་དམ།>ཟེར་བའི་འུར་ཟིང་གི་རེ་དོགས་དེ་ང་ལ་མི་དགོས།
གཅེན་པོ་ལགས། གཅུང་པོ་ངས་གཙོས་པའི་ཁྱེད་ཀྱི་ཤུལ་ལུས་ཀྱི་གྲྭ་བཙུན་ཚ་བོ་ཚ་མོ་རྣམས་ཀྱང་ཁྱེད་ལྟར་དུ་ཚེ་ཆོས་སྒྲུབ་པ་མཐར་ཕྱིན་ཡོང་བའི་དམ་བཅའ་དང་སྨོན་ལམ་བརྟན་པོ་ཡོད་པས་གཅུང་པོའི་རྣམ་ཤེས་ཐུགས་བློ་བདེ་བོ་བྱོས། །
གཅེན་པོ་ལགས། ང་གཉིས་ཕན་ཚུན་དངོས་སུ་མ་ཐུག་ནས་མི་ལོ་ཉེར་བརྒྱད་ཏག་ཏག་རེད་འདུག ཁ་སང་ཁྱེད་ཀྱི་མདུན་དུ་ཕེབས་སྐྱེལ་ལ་ང་དངོས་སུ་མེད་པ་དེ་འགྱོད་པ་ཆེ། འོན་ཀྱང་ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་སེམས་ནི་ང་ཡི་མཉམ་དུ་གསོན་པོར་གནས་ཡོད་པས་ཁྱེད་ཀྱང་ད་རེས་ཕེབས་ལམ་བདེ་མོར་བཞུད། 
གཅེན་པོ་ལགས། ཁྱེད་དང་ང་གཉིས་ནི་སྐྱེ་བ་རྗེས་མ་ཡང་གཅེན་གཅུང་གི་ཚུལ་དུ་དག་པའི་ཞིང་ཁམས་སམ་གནས་གང་རུང་ཞིག་ནས་མཇལ་ཐུབ་པའི་སྨོན་ལམ་ཡོད། །

ཁྱེད་ཀྱི་གཅུང་པོ་ཀརྨ་བསྟན་སྲུང་ནས་ནུབ་གླིང་ཨ་རིའི་ཁ་ལི་ཧྥོ་ཉ་California གྲོང་ཁྱེར་ཞི་བདེ་རྒྱ་མཚོའི་འགྲམ། རང་གནས་འཇམ་དབྱངས་ཆོས་འཁོར་གླིང་དུ་བོད་རྒྱལ་ལོ་༢༡༥༢ རབ་གནས་ཤིང་སྦྲུལ་/༢༠༢༥/༥/༡༡ སྤྱི་ལོ་7/6/2025 ཉིན་མོ་ཁོ་བོའི་བླ་མ་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པའི་དགུང་གྲངས་དགུ་བཅུའི་འཁྲུངས་སྐར་ཉིན་མོར་གཅེན་པོ་སེམས་ནས་དྲན་བཞིན་བྲིས་ཏེ་ཕུལ། །། 


Wednesday, July 2, 2025

ཡོངས་སུ་དག་པ་རྣམ་པ་བཞིའི་འགྲེལ་བཤད་མདོར་བསྡུས་བཞུགས་སོ།


དཔལ་ལྡན་རྡོ་རྗེ་འཆང་ངོ་བོ་དབྱེར་མ་མཆིས་པའི་དྲིན་ཅན་གྱི་རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།
བདག་གི་རྒྱུད་རྣམ་པར་དག་པར་བྱིན་གྱིས་བརླབ་ཏུ་གསོལ།

གསང་སྔགས་རྒྱུད་སྡེའི་གཞལ་ཡས་ཁང་། །
ཇི་ལྟར་མཇལ་བར་འདོད་རྣམས་ཀྱིས། ། 
ཡོངས་དག་རྣམ་བཞིའི་ལྡེ་མིག་འདི། ། 
མེད་ཐབས་མེད་པས་གཅེས་པར་ཟུངས། །
སྤྱིར་བཏང་ནུབ་ཕྱོགས་པའི་ཁྲོད་དུ་བོད་རྒྱུད་གསང་སྔགས་ཀྱི་ཆོས་འདི་ལ་ཉིན་རེ་བཞིན་དོ་སྣང་ཇེ་ཆེ་ལ་འགྲོ་བཞིན་པའི་སྐབས་སུ་ངོས་ཀྱི་རྗེས་འཇུག་སློབ་མ་གསར་བུ་འགའ་ཡི་ཆེད་དུ་<གསང་སྔགས།>ཞེས་པ་ཇི་ལྟར་ཡིན་མིན་དང་། གསང་སྔགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་<ཡོངས་སུ་དག་པ་རྣམ་པ་བཞིའི>འགྲེལ་བཤད་མདོར་བསྡུས་ཕྱི་རྒྱལ་བའི་ཡིག་རིགས་གཞན་ལ་བསྒྱུར་བདེ་བའི་ཆེད་དུ་ཕལ་སྐད་དཀྱུས་མའི་ཐོག་ནས་འབྲི་བར་བྱའོ།

སྤྱིར་བཏང་ནང་པའི་ཆོས་འདི་མདོ་དང་སྔགས་གཉིས་སུ་འདུ་ཞིང་སྐབས་རེ་མིང་གཞན་དག་ཞིག་ལ་རྒྱུ་ཡི་ཆོས་དང་། འབྲས་བུའི་ཆོས་ཡང་ཟེར། རྒྱུ་ཡི་ཆོས་ནི་མདོ་ཡིན་ཅིང་། འབྲས་བུའི་ཆོས་ནི་སྔགས་ཡིན་ནོ། སྔགས་ཉམས་ལེན་བྱེད་པ་ལ་དང་པོ་མདོ་ཡི་ཆོས་རྣམས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ། དེ་ལྟར་མ་ཡིན་པར་དང་པོ་ཉིད་ནས་སྔགས་ལམ་དུ་ཞུགས་ན་གང་ལ་འཇུག་ཡུལ་གྱི་སྔགས་དེ་ཉིད་ཇི་ལྟར་ཉམས་བྱེད་དགོས་མིན་མ་ཤེས་ནས་མཐར་ལམ་གོལ་བ་དང་། ལམ་ལོག་དུ་འགྱུར་མི་སྲིད་པ་མིན། དེ་འདྲ་ཡིན་སྟབས་དང་པོ་མདོ་ཡི་ཆོས་རྣམས་སྣང་ཆུང་དུ་མ་སོང་བར་སྐྱབས་འགྲོ་དང་། སེམས་བསྐྱེད། ལས་འབྲས། བློ་ལྡོག་རྣམ་བཞི། སྔོན་འགྲོ་འབུམ་བཞི་སོགས་ཀྱིས་རྒྱུད་ལེགས་པར་སྦྱང་དགོས་སོ། གང་ལྟར་སྔགས་ལམ་དུ་མ་ཞུགས་པར་མདོ་ལམ་ནས་ཉན་རང་དགྲ་བཅོམ་ཐོབ་ཅིང་གནས་སྐབས་འཁོར་བར་གྲོལ་ཙམ་ལས་མཐར་ཐུག་མི་གནས་པའི་མྱང་འདས་བླ་ན་མེད་པའི་གོ་འཕང་ཐོབ་མི་ཐུབ་ཅེས་གསུངས་ཡོད། རྒྱུ་མཚན་དེ་ལྟ་བས་ན་ངེས་པར་སྔགས་ལམ་དུ་ཞུགས་དགོས་སོ།
སྔགས་ཉམས་ལེན་བྱེད་པའི་སྐབས་སུ་མེད་དུ་མི་རུང་བ་ནི། ཡོངས་སུ་དག་པ་རྣམ་པ་བཞི་འདི་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདི་བཞི་ནི་སངས་རྒྱས་ཟིན་པའི་འབྲས་བུའི་ཆོས་ཀྱི་ཉམས་ལེན་ངོ་མ་དེ་ཡིན། ཡང་འགའ་ཞིག་ནས་འདི་ལྟར་བསམ་སྲིད། ང་ཚོ་སེམས་རྣམས་ཀྱིས་སངས་རྒྱས་ཟིན་པའི་འབྲས་བུའི་ཆོས་ཉམས་ལེན་བྱེད་མི་རུང་སྙམ་ན། གཅིག་བྱས་ན་ཁྱེད་རང་བདེན་པ་རེད། ང་ཚོ་ད་ལྟ་སེམས་ཅན་སོ་སོའི་སྐྱེ་བོ་ཉོན་མོངས་ཅན་ཞིག་གིས་སངས་རྒྱས་ཟིན་པའི་འབྲས་བུའི་ཆོས་ཉམས་ལེན་བྱེད་རྒྱུ་དེ་ཧམ་པ་ཆེ་དྲགས་པ་དང་སོ་སོའི་ཁམས་ལ་མི་འཕྲོད་པ་རེད། འོན་ཀྱང་ང་ཚོ་སོ་སོའི་སྐྱེ་བོ་ཡིན་ཀྱང་སེམས་རྒྱུད་ཀྱི་སངས་རྒྱས་ཀྱི་ས་བོན་དེ་མ་ཉམས་པར་ང་རང་ཚོ་ཚང་མ་གཅིག་པ་རེད། གལ་སྲིད་ང་ཚོ་ལ་སངས་རྒྱས་ཀྱི་ས་བོན་མེད་ན་ང་ཚོའི་ལམ་ལ་བསླབ་པ་ནི་འབད་པ་དོན་མེད་རེད། དེ་ལྟར་མ་ཡིན་པར་ཡ་གིའི་སངས་རྒྱས་ཀྱི་ས་བོན་དང་། མ་གིའི་སེམས་ཅན་གྱི་སེམས་ཀྱི་ས་བོན་གཉིས་ལ་རིག་མ་རིག་དང་གྲོལ་མ་གྲོལ་ཙམ་ལས་སེམས་ཀྱི་གཤིས་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ལ་ཆེ་ཆུང་དང་བཟང་ངན་མཐོ་དམན་སོགས་ཁྱད་པར་གང་ཡང་མེད་པ་རེད། དེ་འདྲ་ཡིན་དུས་ནམ་ཞིག་ང་ཚོ་སངས་རྒྱས་རུང་རེད། སངས་རྒྱས་ཟིན་པའི་སྐབས་སུ་ཡོངས་སུ་དག་པ་རྣམ་པ་འདི་བཞི་ཉམས་ལེན་གྱི་གཙོ་བོ་རེད་རྒྱུ་མཚན་དེ་ལ་བརྟེན་ནས་འབྲས་བུའི་ཆོས་ཟེར་བ་རེད།
དེ་ལ་དང་པོ་ལུས་ཡོངས་སུ་དག་པ།
གཉིས་པ་གནས་ཡོངས་སུ་དག་པ།
གསུམ་པ་འཁོར་ཡོངས་སུ་དག་པ།
བཞི་པ་མཛད་པ་ཡོངས་སུ་དག་པ་བཅས་བཞི་རེད།
དང་པོ་ལུས་ཡོངས་སུ་དག་པ་ནི།
རང་གི་མ་དག་པའི་སྒྱུ་ལུས་འདི་ཉིད་སངས་རྒྱས་དང་ཡི་དམ་གང་རུང་གི་སྐུ་རུ་སྒོམ་ཞིང་དེ་ལ་བསྐྱེད་རིམ་དང་རྫོགས་རིམ་སོགས་ཀྱིས་གནད་དུ་བསྣུན་ནས་ཉམས་ལེན་བྱེད་པ་ལ་ཟེར།
གཉིས་པ་གནས་ཡོངས་སུ་དག་པ་ནི།
རང་ཉིད་གནས་ས་མ་དག་པའི་འབྱུང་བཞིའི་བསྡུས་པའི་ཁོར་ཡུག ཁང་ཁྱིམ་སོགས་གང་ཡིན་ཀྱང་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་སྒོམ་ནས་ཉམས་ལེན་བྱེད་པ་ལ་ཟེར། གསུམ་པ་འཁོར་ཡོངས་སུ་དག་པ་ནི།
རང་གི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གྲོགས་ཕོ་མོ་རྣམས་དང་། མ་ཟད་སྲོག་ཆག་འབུ་སྲིན་ཚུན་ཆད་སྐྱེ་འགྲོ་སྲོག་ལྡན་ཡོངས་སུ་རྫོགས་པ་ཚང་མ་ཕོ་ཐམས་ཅད་སྤྱན་རས་གཟིགས་དང་། མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་རང་བཞིན་དུ་སྒོམ་དགོས། མདོར་ན་གཟུགས་སུ་སྣང་ཚད་ལྷ་དང་ལྷ་མོའི་རང་བཞིན། སྒྲ་རུ་གྲགས་ཚད་སྔགས་ཀྱི་རང་བཞིན། སེམས་དྲན་རྟོག་ཐམས་ཅད་སངས་རྒྱས་ཀྱི་ཐུགས་ཀྱི་ཆོས་སྐུའི་རྩལ་དང་རོལ་པར་སྒོམ་དགོས་པ་རེད།
བཞི་པ་མཛད་པ་ཡོངས་སུ་དག་པ་ནི།
རང་ཉིད་ཡི་དམ་གྱི་ལྷ་ཡི་གསལ་སྣང་དང་ལྡན་པའི་ངང་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འོད་ཟེར་ཕོག། དེ་རྣམས་ཀྱི་ཐུགས་རྒྱུད་སྐུལ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་ལ་ཐོབ། རང་གི་སྒོ་གསུམ་གྱིས་བསགས་པའི་སྡིག་སྒྲིག་རྣམས་མ་ལུས་པར་དག་པར་བསམ། དེ་བཞིན་དུ་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མར་རིགས་དྲུག་གི་གནས་སུ་འཕྲོས། རིགས་སོ་སོའི་སྡུག་བསྔལ་ཡོངས་སུ་སྦྱང་ནས་སངས་རྒྱས་ཀྱི་ས་རུ་བཀོད་པར་བསམ་ནས་སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་གནང་ན་དེ་མཛད་པ་ཡོངས་སུ་དག་པ་རེད།
དེ་བཞིའི་ཉམས་ལེན་ལ་ཡོངས་སུ་དག་པ་བཞི་ཞེས་ཟེར།
དེ་དང་མ་ཟད་ནམ་རྒྱུན་མཉམ་བཞག་གི་སྐབས་སུ་གཟུགས་མཛེས་དང་མི་མཛེས་གང་སྣང་བ་ཐམས་ཅད་ལྷ་ཡི་རང་བཞིན། སྒྲ་སྙན་དང་མི་སྙན་གང་ཐོས་པ་ཐམས་ཅད་ཡི་གེ་དྲུག་པའི་སྔགས་ཀྱི་རང་བཞིན། སེམས་ཀྱི་རྣམ་རྟོག་བཟང་ངན་གང་ཤར་བ་ཐམས་ཅད་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ་ཡི་རང་བཞིན་དུ་བསམ་དགོས་སོ།
དེ་ལྟར་ཡོངས་སུ་དག་པ་རྣམ་པ་བཞི་སྒོམ་པའི་ཕན་ཡོན་རྣམ་པ་གསུམ་གྱི་སྒོ་ནས་བཤད་ན།
ཕན་ཡོན་དང་པོ་ནི།
ང་རང་ཚོ་སེམས་ཅན་ཐམས་ཅད་ཀྱི་དཀའ་ངལ་དང་རྙོག་དྲ་ཆེ་ཤོས་དེ་དབང་པོ་སྒོ་ལྔའི་ཡུལ་གྱི་རྗེས་སུ་འབྲངས་ནས་མིག་དང་། རྣ་བ། སེམས་སོགས་ཡུལ་ཡིད་དུ་འོང་བ་ལ་ཆགས་པ་དང་། ཡིད་དུ་མི་འོང་བ་ལ་སྡང་བ་སོགས་རིམ་བཞིན་འབྱུང་ནས་དཀའ་ངལ་ཡོང་གི་ཡོད། གང་ལ་ཆགས་སྡང་སྐྱེ་སའི་ཡུལ་དེ་རྣམས་ནང་སེམས་ཀྱི་བསམ་བློའི་དབང་གིས་རང་བཞིན་གྱིས་ཡོངས་སུ་དག་པ་རྣམ་པ་བཞིས་རྒྱས་ཐེབས་པ་ཡིན་ན་ནང་གི་སེམས་ཀྱི་ཆགས་སྡང་གི་བློ་རྣམས་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་གི་ཡོད། གང་ལྟར་ང་ཚོའི་མིག་གཉིས་གིས་གང་མཐོང་བ་དང་། རྣ་བ་གཉིས་ཀྱི་གང་ཐོས་པ་ལ་ཚད་མ་བདེན་པར་འཛིན་ནས་རྗེས་སུ་འབྲངས་ཀྱི་ཡོད། སངས་རྒྱས་ཀྱིས། སོ་སོའི་སྐྱེ་བོ་ཁྱེད་རང་རྣམས་ཀྱིས་གང་སྣང་བ་དེ་ཚད་མ་མིན། གང་ཡིན་ཞེ་ན། ཁྱེད་རང་ཚོའི་འཇལ་བྱེད་ཀྱི་བློ་དེ་ཚད་མ་མིན་པས་གཞལ་བྱའི་ཡུལ་དངོས་པོའི་གནས་ཚུལ་ངོ་མ་ཇི་བཞིན་རྟོགས་མི་ཐུབ་ཅེས་གསུངས་ཡོད། གང་ཚོ་སོ་སྐྱེའི་དབང་ཤེས་ལ་གང་སྣང་བ་ལྟར་དུ་ཡུལ་དངོས་པོའི་གནས་ལུགས་ལ་དེ་ལྟར་དུ་གྲུབ་མེད། ང་ཚོའི་སྣང་བ་འདི་ནི་སོ་སོའི་སྣང་ཚུལ་ཙམ་ལས་གནས་ཚུལ་ཡང་དག་པ་དེ་ཇི་བཞིན་རྟོགས་ཐུབ་ཀྱི་མེད། ང་ཚོའི་གང་སྣང་བ་དེ་རྣམས་བརྒྱ་ཆ་དགུ་བཅུ་གོ་བརྒྱད་ཐམ་པ་སོ་སོའི་བློ་ཡིས་མེད་པ་ལ་ཡོད་པར་སྒྲོ་བཏགས་ནས་ཚུར་སྣང་གི་ཡོད། དེང་སང་སེམས་ཁམས་པའི་ཚན་རིག་མཁས་པ་རྣམས་ཀྱིས་ཀྱང་དེ་ལ་མོས་མཐུན་བྱེད་ཀྱི་ཡོད།
ཕན་ཡོན་གཉིས་པ་ནི།
ནམ་རྒྱུན་སྤྱོད་ལམ་གང་གི་སྐབས་སུ་ཡིན། གྲོགས་སུ་དང་འགྲོགས། གནས་གང་དུ་བསྡད། ལས་ཇི་ལྟར་བྱས་ཀྱང་ཡོངས་དག་རྣམ་པ་བཞི་པོ་ཉམས་ལེན་གནང་ནས་སྒོམ་ཐུབ་པ་ཡིན་ན་ཁྱོད་རང་གི་སེམས་ཆགས་སྡང་གི་ཕྱོགས་སུ་མི་འགྲོ་བའི་དགོས་པ་ཡོད། དཔེར་ན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་ཚར་བའི་རྗེས་སུ་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཞིག་བཙོན་ཁང་ནང་དུ་བཅུག་པ་རེད། སྐབས་དེ་དུས་ང་ཡི་རྩ་བའི་བླ་མ་གཙོས་བླ་མ་ཉམས་ལེན་ཅན་མང་པོ་ཞིག་ནས་ཡོངས་སུ་དག་པ་རྣམ་པ་བཞི་འདི་ཉམས་ལེན་གནང་བས་ལུས་སེམས་ལ་སྡུག་བསྔལ་་ཡོང་རྒྱུ་ལྟ་ཅི། རྐྱེན་ངན་གྲོགས་སུ་ཤར་ནས་ཉམས་ལེན་ལ་གོང་འཕེལ་ཆེན་པོ་བྱུང་བའི་ལོ་རྒྱུས་མང་པོ་ཡོད་པ་རེད། ཡོངས་དག་བཞི་འདི་སེམས་ཐོག་ནས་ཉམས་ལེན་ཚད་ལྡན་བྱུང་ན་སྣང་སྲིད་ཐམས་ཅད་གཉེན་དུ་གྱུར་ཅིང་རང་གི་སེམས་རྒྱུད་ནས་ངན་པའི་རྣམ་རྟོག་བཙལ་ཀྱང་མི་རྙེད། དཔེར་ན། གསེར་གླིང་ནས་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟ་བུ་རེད།
ཕན་ཡོན་གསུམ་པ་ནི།
ཡོངས་དག་རྣམ་པ་བཞི་འདི་ཉམས་ལེན་བྱེད་པའི་སྐབས་སུ་རང་གི་སེམས་འདི་ཡེ་ནས་སངས་རྒྱས་པ་ལ་ཡིན་པར་ཤེས་པའི་ཐོག་ནས་ལམ་ཡང་དག་པའི་ཐོག་ཏུ་སླེབས་པ་རེད་མ་གཏོགས། རང་ཉིད་སངས་རྒྱས་མ་ཡིན་པ་ཞིག་ལ་ལོག་ཤེས་ཀྱིས་སླན་པ་རྒྱབ་པ་གཏན་ནས་མ་རེད། ཡོངས་སུ་དག་པ་རྣམ་པ་བཞི་ལ་ཉམས་ལེན་གནང་ན་ནམ་ཞིག་རང་ཉིད་སངས་རྒྱས་ཀྱི་གོ་འཕང་མགྱོགས་པོ་ཐོབ་པའི་རྟེན་འབྲེལ་ཡོད་པ་སོགས་མདོར་ན་དགེ་མཚན་ཧ་ཅང་པོ་ཡོད་དོ། །
ཡོངས་སུ་དག་པ་རྣམ་པ་བཞི་སྒོམ་དགོས་པའི་གསལ་བཤད་མདོར་བསྡུས།
སྤྱིར་བཏང་དོན་དམ་བདེན་པའི་ངོ་བོ་རུ་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་དང་། གནས་ཡུལ་འདི་རྣམས་དག་པའི་ཞིང་ཁམས་འབའ་ཞིག་ལས་མ་དག་པ་ཞིག་གཏན་ནས་མེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སེམས་ཅན་རྣམས་ཀྱིས་གནས་ཚུལ་དོན་དམ་བདེན་པ་ཉིད་ཇི་བཞིན་དུ་མ་རྟོགས་པའི་དབང་གིས་སེམས་ཅན་བློ་འཁྲུལ་པའི་ཡུལ་གྱི་རྗེས་སུ་འབྲངས་ནས་འཁོར་བར་འཁྱམས་པ་རེད། སངས་རྒྱས་རྣམས་ཀྱིས་དང་པོ་དབང་ཤེས་ཡུལ་དང་འཕྲད་པའི་སྐབས་སུ་ཡུལ་རང་བཞིན་གྱིས་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་ལྟར་སྣང་གི་ཡོད། ཡུལ་དངོས་པོའི་གནས་ལུགས་ངོ་མ་ནི་བདེན་པས་མ་གྲུབ་པ་ཡིན། ཡུལ་བདེན་མེད་དུ་རྟོགས་པ་ནི་དོན་དམ་བདེན་པ་ཡིན། དོན་དམ་བདེན་པའི་གནས་ལུགས་ཚུལ་བཞིན་རྟོགས་ན་སངས་རྒྱས་པ་རེད། དཔེར་ན་ངས་ང་ཚོའི་སྣང་བ་ལྟར་ཡུལ་རང་ངོས་ནས་བདེན་པས་མ་གྲུབ་པ་རེད། རྗེ་བཙུན་མི་རས་པ་དང་། དགེ་བཤེས་ཤིག་གཉིས་ཀྱི་བགྲོ་གླེང་བྱས་པའི་ལོ་རྒྱུས་མདོར་བཤད་ཀྱི་ཡིན།
“ཉིན་ཅིག་རྗེ་བཙུན་མི་ལ་རས་པ་ལ་བཀའ་གདམས་པའི་དགེ་བཤེས་མཚན་ཉིད་རིག་པ་བ་ཞིག་དང་འཕྲད་པ་རེད། དགེ་བཤེས་དེ་ཚིག་དང། ཐ་སྙད། མཚན་ཉིད་རིག་པ་ལ་ཧ་ཅང་མཁས་པ་རེད། མི་ལ་རས་པ་ནི་སེམས་ཀྱི་གནས་ལུགས་དོན་དམ་པའི་སྟོང་པ་ཉིད་ལ་ཧ་ཅང་མཁས་པ་རེད། ཁོང་རང་གཉིས་མཁས་སྟངས་ཁ་ཁ་རེད། གཅིག་དེ་ཚིག་ལ་མཁས་པ་རེད། གཅིག་དེ་དོན་དམ་པ་ལ་མཁས་པ་རེད། དེ་ནས་དགེ་བཤེས་དང་མི་ལ་རས་པ་གཉིས་རྩོད་པ་རྒྱབ་པ་རེད། དགེ་བཤེས་ནས་མི་ལ་རས་པ་ལ་ཁྱོད་རང་གིས་སེམས་ཅན་མགོ་སྐོར་གཏོང་ནས་ལམ་ལོག་པར་ཁྲིད་འགྲོ་མཁན་དེ་རེད། གང་ཡིན་ཞེ་ན། དང་པོ་ཆོས་ཤེས་ནས་བཤད་དགོས་པ་རེད། མཚན་ཉིད་རིག་པ་མ་ཤེས་ན་ཆོས་ཤེས་ཀྱི་མ་རེད། ཁྱོད་རང་གི་མཚན་ཉིད་རིག་པ་ཤེས་ཀྱི་མ་རེད། རྒྱུ་མཚན་དེ་ཉིད་ཀྱི་དབང་གིས་ཁྱོད་རང་གིས་ནང་ཆོས་ཤེས་ཀྱི་མ་རེད། ནང་ཆོས་ཚད་ལྡན་མ་ཤེས་ན་གཞན་ལ་བསླབ་ཀྱང་ལམ་ལོག་པར་འགྲོ་གི་རེད་ཟེར་བ་རེད། མི་ལ་རས་པའི་ཞལ་ནས། ང་ལ་བླ་མ་ལྷོ་བྲག་མར་པ་ལོ་ཙཱས་ཆོས་ཐམས་ཅད་སེམས་ཀྱི་ངོ་བོར་ཐག་བཅད་ནས་ངོ་སྤྲད་བྱུང་བས་དེ་ལས་ལྷག་པའི་ཆོས་ཤིག་ལོགས་སུ་བསླབ་རྒྱུ་ཡོད་མ་རེད། སེམས་ཀྱི་གནད་འདི་ཧ་གོ་སོང་ནས་ཐ་སྙད་ཀྱི་ཆོས་གཞན་རྣམས་རང་བཞིན་གྱིས་ཆུ་ཕྲན་བརྒྱ་ཟམ་པ་གཅིག་གི་འོག་ཏུ་འདུས་པ་ལྟར་ཡོང་གི་རེད་གསུངས་པ་རེད། དེ་ལ་གཅིག་ཤེས་ཀུན་གྲོལ་ཟེར་བ་རེད། ཅེས་གསུངས་པ་རེད།
དེ་ནས་དགེ་བཤེས་ནས། དེ་ལྟར་མ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས།
ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་འགྱུར། །
དམ་པའི་དོན་ནི་མ་རྟོགས་ན། ། ཐམས་ཅད་མཁྱེན་པ་འཐོབ་མི་འགྱུར། །
ཞེས་གསུངས་པ་ལྟར་དང་པོ་ཐ་སྙད་ཀྱི་རྩོད་པ་དང་རིགས་ལམ་འདི་མ་ཤེས་ན་སངས་རྒྱས་ཐུབ་ཀྱི་མ་རེད། དང་པོ་ངས་ཁྱོད་ལ་ཐ་སྙད་ཀྱི་དྲི་བ་འགའ་ཤས་ཤིག་ཡོད་པས་དེ་ལ་ལན་ཐེབས་ན་ང་ཁྱོད་རང་གི་རྗེས་སུ་འབྲངས་ནས་སློབ་མ་བྱེད་ཀྱི་ཡིན། གལ་སྲིད་ཁྱོད་རང་གིས་ལན་མ་ཐེབས་ན་དེ་རིང་ནས་བཟུང་སྟེ་ཁྱོད་རང་ང་ཡི་རྗེས་སུ་འབྲངས་ནས་ང་ཡི་སློབ་མ་བྱེད་དགོས་ཟེར་བ་རེད། མི་ལ་རས་པས་འགྲིག་གི་རེད་གསུངས་ནས་ཁས་བླངས་པ་རེད། དེ་ནས་དགེ་བཤེས་ཀྱིས་མདུན་གྱི་བྲག་རི་ལ་མཛུབ་མོ་བཙུགས་ནས་བྲག་འདི་ཆོས་ཅན། ཐོགས་བཅས་ཡིན་པ་ཐལ། དངོས་པོ་ཡིན་པའི་ཕྱིར། གསུངས་པ་རེད། མི་ལ་རས་པས་རྟགས་མ་གྲུབ་གསུངས་པ་རེད། རྟགས་མ་གྲུབ་ཟེར་ན་བྲག་རི་དངོས་པོ་ཡིན་པར་ངས་ཁས་མི་ལེན་ཞེས་པའི་དོན་རེད། དེ་ནས་མི་ལ་རས་པ་ཡར་བཞེངས་ནས་རྫུ་འཕྲུལ་གྱིས་བྲག་རི་ལ་ཟངས་ཐལ་གྱིས་ཐོགས་པ་མེད་པར་ཕར་འཛུལ་ཚུར་འཛུལ་གནང་ཞིང་བྲག་རིའི་ཐོག་ཏུ་རྐང་ལག་གིས་འདམ་ལྟར་དུ་རྫིས་ནས་ཕྱག་ཞབས་ཀྱི་རྗེས་རྣམས་བཞག་པ་རེད། དེ་ནས་དགེ་བཤེས་ཧ་ལས་ཏེ། ནམ་མཁའ་ལ་མཛུབ་མོ་བཙུགས་ནས་ནམ་མཁའ་འདི་ཆོས་ཅན། ཐོགས་མེད་ཡིན་པ་ཐལ། འདུ་མ་བྱས་ཡིན་པའི་ཕྱིར། གསུངས་པ་རེད། མི་ལའི་ཞལ་ནས། ནམ་མཁའ་དངོས་མེད་ཡིན་པ་ང་ཡི་ངོར་རྟགས་མ་གྲུབ་གསུངས་ནས་རྫུལ་འཕྲུལ་གྱིས་ནམ་མཁའ་དངོས་པོར་བསྒྱུར་ཅིང་ནམ་མཁའི་ཐོག་ནས་ཕར་ཚུར་ཕེབས་པ་དང་། ནམ་མཁའི་ཐོག་ཏུ་དཀྱིལ་དཀྲུང་བཅས་ནས་བཞུགས་པ། ཉལ་བ་སོགས་གནང་བ་རེད། དེ་ནས་དགེ་བཤེས་ཧ་ལས་ཏེ། ཁྱོད་རང་གིས་ངན་སྔགས་དང་མིག་འཕྲུལ་སྦྱང་བ་རེད་མ་གཏོགས་དེ་ལྟར་ཡོང་མི་སྲིད་པ་རེད་ཅེས་ཞུས་པ་རེད། རྗེས་བཙུན་ནས་ངས་ངན་སྔགས་དང་མིག་འཕྲུལ་སོགས་གང་ཡང་སྦྱང་མེད། ཁྱོད་རང་གི་ཤེས་དགོས་རྒྱུ་རང་གི་སེམས་ཀྱི་གནས་ལུགས་ངོ་མ་དེ་མ་ཤེས། ཤེས་མི་དགོས་རྒྱུ་ཐ་སྙད་རིགས་པའི་ལམ་དུ་མི་ཚེར་མགོ་བོ་འཁོར་ནས་སོང་བའི་དབང་གིས་ལན་པ་རེད། ང་རྣལ་འབྱོར་པའི་ངོ་ལ་སྣང་བ་ཐམས་ཅད་སེམས་སུ་ཐག་བཅད། སེམས་ཆོས་སྐུ་ལ་ཐག་བཅད་ཟིན་པས་ད་ང་ལ་སྐད་ཆ་མང་པོ་བཤད་ཁོམས་མེད་དམ་པའི་ཆོས་བྱེད་དགོས། ཡོང་བསམ་ན་ང་ཡི་རྗེས་སུ་ཤོག
ལར་ནི་དོན་དམ་བདེན་པའི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་པ་དང་། ཕྱི་ནང་གི་འབྱུང་བཞིས་བསྡུས་པའི་ཆོས་འདི་རྣམས་ཀྱང་དག་པའི་རང་བཞིན་འབའ་ཞིག་ལས་མ་དག་པ་ཡོད་པ་རེད། ང་ཚོ་སེམས་ཅན་རྣམས་ཀྱི་གཉིས་འཛིན་གྱི་དབང་གིས་མ་དག་པ་འབའ་ཞིག་ཏུ་སྣང་ནས་བློ་འཁྲུལ་པའི་རྗེས་སུ་འབྲངས་ནས་ད་བར་འཁོར་བར་འཁྱམས་པ་རེད། ད་ངེས་པར་འཁོར་བ་ལས་ཐར་དགོས་ན་ཡང་དག་པའི་ལམ་དུ་འཇུག་དགོས་པ་རེད་ཅེས་སོགས་གདམས་ངག་མང་པོ་གནང་བས་རྗེས་སོར་དགེ་བཤེས་ཀྱང་མི་ལ་རས་པར་དད་པ་སྐྱེས་ནས་མཐར་ཁོང་གི་སློབ་མར་གྱུར་པའི་ལོ་རྒྱུས་ཡོད་པ་རེད།”

སེམས་འདི་ལས་སུ་རུང་ནས་བློ་དགེ་བའི་ཕྱོགས་སུ་སོང་ན་སེམས་ཐོག་ནས་ས་བཅུ་དང་ལམ་ལྔ་སོགས་ཡོན་ཏན་རྣམས་འཇོག་གི་ཡོད། སེམས་ཀྱི་ནུས་པའམ་སྟོབས་ནི་མཐའ་མེད་པ་ཞིག་དང་། ཕྱི་ཡི་འབྱུང་བ་བཞི་དང་། དེང་སང་ཚན་རིག་དང་ལག་རྩལ་ཀྱི་སོགས་ཀྱི་ནུས་པ་ནི་ཚད་ཅན་ཞིག་རེད། སེམས་ཀྱིས་གང་ལ་དམིགས་པས་ཟིན་ན་མཐར་དངོས་པོ་དེ་ཉིད་སེམས་ཀྱིས་དབང་དུ་བསྒྱུར་ཐུབ། དཔེར་ན། རྫོགས་ཆེན་སྐབས་སུ་འཇའ་ལུས་ཆོས་སྐུ་ཞེས་བཤད་ཀྱི་ཡོད། དེང་སང་བོད་ནང་ནས་ཆོས་པ་ཧ་ཅང་ཚད་ལྡན་ཡག་པོ་དེ་འདྲ་འཆི་བའི་སྐབས་སུ་ལུས་ལྷག་མ་མེད་པར་འཇའ་ལུས་སུ་ཕེབས་པ་དང་། འགའ་ཤས་སྐུ་གཟུགས་ཆུང་དུ་འགྲོ་བ་སོགས་ཡོང་གི་ཡོད། དེ་ནི་སེམས་ཀྱི་ནུས་སྟོབས་ཀྱིས་རང་གི་མ་དག་པའི་རགས་པའི་ལུས་འདི་ཉིད་ལའང་སེམས་ཀྱིས་ནུས་པས་དབང་དུ་བསྒྱུར་བའི་སྟབས་ཀྱིས་རེད།
ནང་ཆོས་ལས་ཕྱི་ནང་སྣོད་བཅུད་ཡོངས་སུ་རྫོགས་པ་སེམས་ཀྱི་དབང་གིས་བྱུང་བ་མ་གཏོགས་དེ་ལས་གཞན་པའི་འཇིག་རྟེན་བཀོད་པ་པོ་སོགས་ཁས་ལེན་གྱི་མེད།
རང་གི་སེམས་དགེ་བས་འདུལ་སྦྱོང་བྱས་ནས་མི་དགེ་བའི་སེམས་ཀྱི་ཆ་རྣམས་ཇེ་ཉུང་དུ་ཕྱིན་ཅིང་རིམ་གྱིས་བརྩོན་འགྲུས་བྱས་ནས་ཉམས་ལེན་བྱས་ཡོང་བའི་སྐབས་སུ་ད་གཟོད་སེམས་ཀྱི་བག་ཆགས་དྲི་མ་དང་བཅས་པ་ཡོངས་སུ་དག་པའི་སྟོབས་ཀྱིས་ཁྱོད་རང་གི་སེམས་ཀྱི་གཏིང་ནས་སངས་རྒྱས་རྙེད་ཡོང་། ཡང་སེམས་མ་རུང་བ་འདོད་ཆགས་ཞེ་སྡང་སོགས་ཀྱི་རྗེས་སུ་འབྲངས་ནས་སྡིག་པ་དང་མི་དགེ་བ་ཁོ་ནའི་དབང་གིས་ནམ་ཞིག་ཁྱོད་རང་གི་སེམས་མི་དགེ་བ་དེ་ཉིད་ཀྱི་སྟོབས་ཀྱིས་ངན་འགྲོའི་གནས་སུ་ལྷུང་བ་སོགས་ཡིན་ནོ། མདོར་ན་ཚེ་འདི་དང་མ་ཟད་སྐྱེ་བ་རྗེས་མ་རྣམས་སུ་བདེ་སྡུག་གི་འབྲས་བུ་རྣམས་ནི་སེམས་དུལ་མིན་ལ་རག་ལས་སོ།
སངས་རྒྱས་ཀྱིས།
བདག་ཉིད་བདག་གི་མགོན་ཡིན་ཏེ།།
བདག་ཉིད་བདག་གི་དགྲ་ཡང་ཡིན།།
ལེགས་དང་ངན་པ་བྱས་པ་ལ།།
བདག་ཉིད་བདག་གི་དཔང་པོ་ཡིན།།
ཅེས་གསུངས་པ་ལྟར་རོ།
དེ་རིང་གི་ཉིན་ཐོ་ཡོངས་སུ་དག་པ་རྣམ་པ་བཞིའི་འགྲེལ་བཤད་འབྲི་དགོས་པའི་རྒྱུ་མཚན་ནི། འཇམ་དབྱངས་ཆོས་འཁོར་གླིང་གི་ཆོས་ཚོགས་འདིའི་ནང་དུ་རེས་གཟའ་ཟླ་བ་ནམ་ཡིན་ལ་རྒྱུད་སྡེ་མ་འདྲ་བའི་ཡི་དམ་གྱི་ལྷ་མ་འདྲ་བ་རེ་ཉམས་ལེན་བྱེད་ཀྱི་ཡོད་སྟབས་ཆོས་གྲོགས་སློབ་མ་གསར་བུ་འགའ་ཤས་ལ་ཕན་ཐོག་ཅུང་ཟད་རེ་ཡོང་བའི་ཆེད་དུ་བྲིས་པ་ཡིན་པས་དེ་ལུགས་ཞུ།
དེ་རིང་གི་ཉིན་ཐོ་འདིར་མཇུག་བསྡུས་པ་ཡིན་ཚང་མ་ལ་བཀྲ་ཤིས་བདེ་ལེགས།



“ལས་བྲེལ་བར་ནས་མགྱོགས་བྲིས་ཡིན་པས་ཡིག་ནོར་ཡོད་ན་དགོངས་ཡངས་གནང་རོགས་ཞུ།”