Monday, December 5, 2011

གཟའ་ཟླ་བའི་སྤྲོ་སེང་ལ་སོང་བའི་ཉིན་མོ།

དགེ་ཕྲུག་ཨོ་གཤང་དང་མཉམ་དུ་བླངས་པའི་འདྲ་པར།
ཞོགས་པ་ལངས་ནས་ཁ་འདོན་རྣམས་ཚར་བར་བྱས་ཤིང་ཐབ་ཚང་དུ་སོང་བས་ཀིམ་ལས་ཀར་འགྲོ་ཚར་ནས་མི་འདུག ཟ་ཁྲིའི་སྒང་དུ་ཡི་གེ་ཞིག་ཡོད་པའི་ནང་དོན་དུ། ༼བརྩེ་བའི་རིན་པོ་ཆེ་ངོས་དེ་རིང་ལས་ཀར་འགྲོ་དགོས་བྱུང་། ཁྱེད་ཀྱི་ཟ་མ་གྲང་གློག་ནང་དུ་ཐུག་པ་དང་ཤ་སོགས་གང་དགོས་ཡོད་པས་དེ་ལུགས་གྱིས། ཆུ་ཚོད་གསུམ་པའི་ཐོག་ཏུ་ཁར་མེལ་སློབ་གྲྭའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ཡོད་པས་ཁྱེད་ནས་གཟིགས་འདོད་ཡོད་ན་ངས་སུ་སིན་ལ་ཁ་པར་གཏང་གི་ཡིན་༽ཞེས་བཀོད་འདུག སུ་སིན་ནི་ངོས་ཀྱི་རླངས་འཁོར་ཁ་ལོ་བ་ཡིན། དེ་ནས་ཞོག་ཇ་རུ་བག་ལེབ་དང་ཀི་ལ་སྒོང་ང་སོགས་མང་དག་ཞིག་ཟོས་ནས་གཟུགས་པོ་སྦྱོང་བརྡར་ཆུ་ཚོད་གཅིག་ཙམ་བྱས། ཆུ་ཚོད་དང་པོའི་སྐབས་སུ་སིན་ལ་ཁ་པར་གཏང་ནས་སྦྲག་ཁང་ནང་དུ་སོང་ནས་དེ་སྔོན་ངོས་ནས་བཟོས་པའི་C.D སམ་འོད་སྡེར་༼ཆོས་ཀྱི་སྒྲ་དབྱངས༽ཞེས་པ་དེ་ཉིད་སིངྒ་པུར་དང་། མ་ལེ་ཤྰ། འབྲུག བྷོ་སི་ཊོན་སོགས་ལ་གཏང་ནས་ཞོར་དུ་དངུལ་ཁང་ནང་ལ་སོང་ནས་གསོགས་འཇོག་གི་དངུལ་ཁང་ནང་དུ་དངུལ་ཁ་ཤས་ཡར་བཅུག དེ་ནས་ཝེར་ནམ་ཟ་ཁང་ཞིག་ནང་སོང་ནས་ཐུག་པ་ཞིམ་པོ་ཞིག་འཐུང་། དེ་ནས་ཨ་ཧྥེ་རི་ཀ་ནས་ཡིན་པའི་ངོས་ཀྱི་དགེ་ཕྲུག་ཨོ་གཤང་སར་སོང་བས་ཁོ་རང་ང་དང་འཕྲད་པའི་སྐབས་སུ་ཧ་ཅང་དགའ་བོ་བྱུང་སོང་། ཁོང་ནི་ང་ཡི་ཆོས་ཚོགས་ཀྱི་གློག་བརྙན་པར་རྒྱག་པ་དང་། གསུང་ཆོས་ཚང་མ་སྒྲ་འཇུག་བྱེད་མཁན་ཞིག་ཡིན། སུ་སིན་དང་ཨོ་གཤང་ང་ཚོ་ལྷན་དུ་གློག་གི་ཁ་སྤུ་གཞར་བྱས་ཞིག་ཉོ་ལ་ཚོང་ཁང་གསུམ་ནང་དུ་སོང་ཡང་གོང་ཆེ་ཆུང་དང་རྒྱུ་ཆ་ཡག་སྡུག་སོགས་ནས་རང་གི་འདོད་པ་ལྟར་དུ་མ་བྱུང་ཀྱང་མཐའ་མར་ཨ་སྒོར་བདུན་ཅུ་དོན་དགུ་ཅན་ཞིག་ཡོད་པ་དེར་དངུལ་ཁུག་ལ་ཡང་ལྟ་བྱེད་བཞིན་ཉོ་དགོས་བྱུང་། དེ་ནས་རླངས་འཁོར་དུ་ཞུགས་ནས་ནང་དུ་ཡོང་ཞིང་ཇ་འཐུང་ནས་རྐུབ་ཀྱག་ཐོག་བསྡད་པའི་སྐབས་སུ་གློ་ཁུག་ནང་གི་ཁ་པར་གྱི་ཏིར་སྒྲ་ཞིག་འདུག  དེ་ནི་ཉི་ཡོག་ལ་ཡོད་པའི་ངོས་ཀྱི་གྲོགས་པོ་གྲྭ་ཟུར་མགོན་པོ་ལགས་རེད་འདུག ཁོང་ནས་ཁམས་ཆབ་མདོ་ཀརྨ་དགོན་ནས་མི་ཞིག་གཟུགས་པོ་མེ་ལ་ཕུལ་འདུག་པས་གོ་སོང་ངམ་ཞེས་ང་ལ་དྲན་བསྐུལ་བྱེད་ཀྱི་འདུག ངས་དེ་ནི་ངོ་མ་བྱས་ན་ཆབ་མདོ་མ་རེད་ནང་ཆེན་རེད་ནང་ཆེན་ནས་ཀྱང་ང་རང་སྐྱེ་སའི་ལུང་པ་དེ་ལས་ཧ་ཅང་ཐག་ཉེ་བོ་ཞིག་རེད། ཡིན་ནའང་དེང་སང་རྒྱ་མིའི་བོད་ས་ཡོངས་རྫོགས་རང་སྣང་གང་འདོད་ཀྱིས་རྒྱ་རས་གཤགས་པ་ནང་བཞིན་བྱས་ཡོང་དུས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་བོད་ཀྱི་ལོ་རྒྱུས་དང་རྒྱལ་རབས་ས་ཁྲ་སོགས་ལ་མ་མཐུན་པའི་རྙོག་དྲ་ཞིག་རང་བཞིན་གྱིས་ཡོང་གི་ཡོད་པ་ནི། དཔེར་ན་དབུས་གཙང་དང་མངའ་རིས་ཀྱི་རྙོག་དྲ་དང་། ནང་ཆེན་དང་སྒ་པའི་རྙོག་དྲ་ལྟར་དུ་རང་རེད། ཁོང་ནི་ཉི་ཡོག་ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཞོན་རེད། དེ་ནས་ཀིམ་དང་མཉམ་དུ་དེ་རིང་གི་གནས་ཚུལ་དང་སྦྲག་ནས་ངོས་ཀྱི་དབྱིན་ཇི་གོབ་ཏོ་དེ་དང་མཉམ་དུ་ཕྱེད་ལག་བརྡ་བྱས་ནས་སྐད་བཤད་བཞིན་པའི་སྐབས་སུ་ཡང་སྐྱར་གློ་ཁུག་ནང་ནས་ཁ་པར་གྱི་ཏིར་སྒྲ་ཞིག་ཡོད་པ་དེ་ནི་ཝ་ཤིང་ཀྲོན་བྷྲི་སིས་ལ་ཡོད་པའི་ངོས་ཀྱི་ཚ་བོ་དེ་རེད་འདུག ཁོ་རང་ཨ་རིར་གསར་དུ་འབྱོར་ནས་ཟླ་བ་གཉིས་ཙམ་ལས་ཕྱིན་མེད་སྟབས་ལས་ཀར་ཉམས་མྱོང་མེད་པའི་སྟབས་ཀྱིས་སྦྱིན་བདག་ནས་ལས་ཀར་ཕུད་བྱུང་ཟེར། ཨ་རིའི་བོད་པའི་མི་ཚེ་སྤྱོད་སྟངས་དེ། ས་པཎ་གྱི་ལེགས་བཤད་ལས། བལ་པོའི་སོལ་བ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས། གསུངས་པ་ལྟར་རང་རེད། ངོས་ལ་དེ་སྔ་ཕན་ཆོད་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པའི་ང་ཚོའི་རིག་གཞུང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་གསུང་རབ་འདི་ལ་ཐོས་བསམ་སྒོམ་གསུམ་ཅུང་ཟད་བྱས་པའི་བཀའ་དྲིན་དེས་ཆོས་ཀྱི་མུ་གེ་མནར་བའི་ལུང་པ་འདིར་གནས་སྐབས་གསང་སྤྱོད་གཙང་མ་བྱེད་པ་དང་ཕོར་པ་སོགས་བཀྲུ་དགོས་མ་ཐུག་ཀྱང་། ལུང་པ་འདིས་ནང་གི་མི་ཚེ་སྤྱོད་སྟངས་ནི། ལྷུང་ན་གསོན་པོའི་རེ་བ་གཏན་བྲལ་དུ་གྱུར་པའི་གཡང་ཁར་ལག་པས་འཇག་སྐྱ་ཕུན་པོ་སྦར་གང་ལ་འཐམ་པའི་མི་བཞིན་དུ་བསམ་ནས་ཁོང་ལ་ཡང་སྐྱར་སྙིང་ནས་ཤ་ཚ་བྱུང་ཡང་། ཁ་ནས་དེ་ལས་ལྡོག་ཏེ་ཁ་བརྡ་ཡིན་ཁུལ་གྱིས། ཁྱོད་རང་སླེབས་ནས་ཟླ་བ་གཅིག་ལས་མ་འགོར་བར་ལས་ཀ་ཤོར་ན་ཧ་ཅང་ཐབས་སྡུག་རེད་གཟབ་གཟབ་གྱིས་མ་གཏོགས་རྗེས་མར་ལས་ཀ་རག་རྒྱུ་ལ་དཀའ་ངལ་ཡོད་རེད་ཅེས་རྫིག་གཏམ་བཤད་ཁུལ་བྱས། དེ་ནས་རང་ཁང་དུ་སོང་ནས་ཟིན་བྲིས་ཚར་བར་བྱས་ཤིང་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་ཁྱུག་ཙམ་བྱས་ནས་ཉལ་སར་སོང་།

2 comments:

  1. མཆམས་འཆམས་་་་་་་་་་འཆམ་འཆམ།
    རྒྱངས་ལྟ་་་་་་་་རྒྱང་ལྟ
    སྐུབ་རྒྱག་་་་་་་་་་་རྐུབ་སྟེགས་་་་་་ཡང་ན་རྐུབ་བཀྱག

    ReplyDelete
  2. ཐུགས་རྗེ་ཆེ་ཞུ་དག་གནང་བར། མུ་མཐུད་ནས་ངོས་ཀྱི་ཉིན་ཐོ་ལ་སྤྱན་རས་གཡོ་ཙམ་གནང་རོག

    ReplyDelete